༄༅། སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་གི་ས་གནས་བོད་ཡིག་སློབ་གྲྭ།
དེ་ཡང་ང་ཚོའི་རྩ་བའི་འབྱུང་ཁུངས་སྙིང་བསྡུས་ཤིག་མི་རབས་གསར་པའི་བོད་རིགས་ན་གཞོན་རྣམྶ་ཀྱི་མཁྱེན་རྟོགས་ཆེད་སྔོན་གླེང་རོབ་ཙམ་ངེས་པར་དུ་ཞུ་དགོས་པ་ཡིན། ང་ཚོའི་ཕ་ཡུལ་གངས་ཅན་བོད་ཀྱི་ཡུལ་དེ་མི་ལོ་ཉིས་སྟོང་བརྒལ་བའི་རིང་ཆོས་དང་རིག་གཞུང། སྐད་ཡིག་གོམ་གཤིས་སོགས་རྒྱ་ནག་དང་འདྲེས་ལྷད་མེད་པ་དང།
བོད་རྒྱལ་ཁབ་རང་ཉིད་ཀྱི་ཁྲིམས་ཡིག་དང། གཞུང་དངུལ། གཞུང་དམག རྒྱལ་དར་ལ་སོགས་པའི་རང་དབང་རྒྱལ་ཁབ་ཅིག་ཡིན་པའི་མཚོན་རྟགས་ཆ་ཚང་གསལ་པོར་ཡོད་པ་དང། ལྷག་པར་རྒྱ་ནག་དང་། བལ་ཡུལ། དབྱིན་ཇི་སོགས་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་མཉམ་དུ་ས་མཚམས་རྩོད་རྙོག་སྐོར་ཁྲིམས་མཐུན་ཆིངས་ཡིག་རིམ་པར་བཞག་ཡོད་པ་སོཊ་སྒོ་གང་ས་ནས་རང་དབང་རང་བཙན་གཙང་མར་སྤྱོད་ཅིང་གནས་ཡོད་པ་བཅས་ཡིན། དེ་ལྟར་ནའང་ཁྱིམ་མཚེས་རྒྱལ་ཁབ་རྒྱ་མི་དམར་པོས། ༡༩༤༩ ལོ་ནས་བོད་ཤར་ཕྱོགས་ཁམས་དང། ཨ་མདོའི་ས་མཚམས་ཁག་ནས་བཙན་འཛུལ་རིམ་པར་བྱས་པ་དང་། དེ་ནས་རྒྱ་དམག་འབུམ་ཕྲག་མང་པོ་བོད་ཀྱི་རྒྱལ་ས་ལྷ་སར་རིམ་འབྱོར་གྱིས་བོད་ཡུལ་ཡོངས་རྫོགས་བཟའ་རྔམས་ཀྱིས་བོད་གཞུང་གི་ཆབ་སྲིད་འཕྲོག་སེམས་ངན་བྱུས་ལག་ལེན་བསྟར་བ་དང་། བོད་མི་ཡོངས་ཀྱི་བལྟ་བའི་མིག་དང་ཁོག་པའི་སྙིང་རང་སྲོག་ལས་གཅེས་པར་འཛིན་པའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཕྱྭར་ཡང་ཉེན་ཚབས་ཇེ་ཆེར་འགྲོ་བཞིན་པར་བརྟེན།
༡༩༥༩ ཕྱི་ཟླ་ ༣ ཚེས་ ༡༠ ཉིན་བོད་རྒྱ་ཆེའི་མི་མང་རྣམས་ནས་འུ་ཐུག་ཐབས་ཟད་ཀྱིས་རང་གི་རྒྱལ་ཁབ་དང་། བསྟན་སྲིད་མི་རིགས་ཀྱི་དོན་དུ་ལུས་སྲོག་ལོངས་སྤྱོད་ཡོངས་རྫོགས་བློས་བཏང་གིས་དགྲ་བོ་རྒྱ་དམར་ལ་ཞི་བའི་ངོ་རྒོལ་སྒེར་ལངས་ཀྱི་ལས་འགུལ་བྱས་པར་ཡ་ང་སྙིང་རྗེ་སྤུ་ཙམ་མེད་པར་དྲག་གནོན་ཚབས་ཆེ་བྱས་པ་རེད། དྲག་གནོན་མ་བྱས་པའི་ཉིན་གསུམ་ཙམ་གྱི་གོང་དུ་བོད་མིའི་འཕྲལ་ཕུགས་ཁེ་ཉེན་དུ་མར་དགོངས་བཞེས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་འཁོར་ཧྲག་བསྡུས་ཉུས་ཤས་ཕོ་བྲང་ནས་གསང་བྲོས་ཀྱིས་རྒྱ་གར་དུ་སྐྱབས་བཅོལ་ལ་མི་ཕེབས་ཐེུད་བྱུང་བ་བཅས་རེད།
དེ་ལྟ་བུའི་ཛ་དྲག་གནས་ཚུལ་གོ་མཐོས་བྱུང་འཕྲལ་བོད་མི་ཁྲི་ཚོ་བརྒྱད་ལས་བརྒལ་བ་རྒྱ་བལ་འབྲས་འབྲུག་ཁུལ་སྐྱབས་བཅོལ་དུ་འབྱོར་བ་རེད། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྐྱབས་བཅོལ་མི་མང་གི་འཐུས་མི་བསྡུ་བསྐོངྶ་དང་འབྲེལ་མང་གཙོའི་གཞུང་གི་སྒྲིག་འཛུགས་གསར་བཏོད་མཛད་པ་དང། དགྲ་བོའི་བཙན་འོག་ཏུ་ཡོད་པའི་གཞིས་ལུས་མི་མང་གི་ཉིན་མཚན་འཁྱོལ་ཐབས་བྲལ་བའི་དཀའ་སྡུག་སེལ་ཐབས་དང། ཕེབས་རྗེས་སུ་བསྙེགྶ་འབྱོར་སྐྱབས་བཅོལ་བོད་མི་རྣམས་ཀྱི་འཕྲལ་སེལ་འཚོ་ཐབས་ལམ་སྟོན། མ་འོངས་བོད་རང་དབང་རང་བཙན་མ་ཐོབ་བར་ལ་བོད་མི་རྣམས་རང་གི་མི་རིགས་དང། ཆོས་དང་རིག་གཞུང་། སྐད་ཡིག་གོམས་གཤིས་སོགས་མི་ཉམས་རྒྱུན་འཛིན་ཐུབ་ཐབྶ་ཆེད་བོད་མི་ཁེ་གཙང་གཞིས་ཆགས་ཐུབ་ཐབས། བོད་ཕྲུག་ན་གཞོན་རྣམས་ལ་འཕྲོད་བསྟེན་གཅེས་སྐྱོང་དང་དེང་དུས་ཕྱི་ནང་ཤེས་ཡོན་སློབ་སྦྱོང་སྤྲོད་ཆེད་བུ་གསོ་ཁང་དང། གཏན་ཉིན་སློབ་གྲྭ་གསར་འཛུགས། རིས་མེད་ཆོས་ལུགས་ཁག་གི་བསྟི་གནས་གསར་བཟོ། རྒན་གཅོང་ཉམས་ཐག་རྣམས་ཀྱི་ཆེད་རྒས་གསོ་ཁང་དང། སྨན་ཁང་འཛུགས་ཐབས་སོགས་གང་ལ་ཇི་འོས་ཀྱི་གཟིགས་སྐྱོང་རོགས་རམ་བཀྲིན་བསྐྱངས་དང་སྐྱོང་བཞིན་པའི་ཁོངས་བོད་མི་སྟོང་ཕྲག་གཅིག་ཙམ་སུད་ཛ་ལན་ཊིར་གཞིས་ཆགས་སུ་ལེན་ཐབས་སུད་སི་གཞུང་དང། རྒྱ་འགྲམ་དམར་པོར་རེ་བསྐུལ་གནང་བ་ལྟར་ཁས་ལེན་བྱུང་སྟེ་དེ་ཁོངས་མི་འགྲོ་རྣམས་ཀྱང་སྐབས་དེ་དུས་ཀྱི་ཉམས་ཐག་བོད་མིའི་ནང་ནས་ཀྱང་ཆེས་དཀའ་ངལ་ཅན་རྒྱ་གར་ཀུ་ལུ་ལམ་བཟོའི་ལས་ཀ་ཁོ་ནས་འཚོ་བ་སྐྱེལ་བཞིན་པའི་ངེད་ཅག་ལམ་བཟོ་བ་སྟོང་ཕྲག་མང་པོ་ཡོད་པའི་ཁོངས་ནས་དམིགས་བསལ་གཟིགས་སྐྱོང་དགོངས་བཞེས་ཀྱིས་བཀྲིན་ཆེ་བ་ལྟར།
ཕྱི་ལོ་ ༡༩༦༠ ནས་བཟུང་ང་ཚོ་སུད་ཛ་ལན་ཊིར་ཚོ་ཁག་མང་བཟོས་ཀྱིས་གཏོང་གནང་མཛད་པ་བཅས་ཡིན། ད་ཆ་སུད་སིར་བོད་མི་སྟོང་ཚོ་ཁ་ཤས་རིམ་འབྱོར་ཟིན་བཞིན་ཡོད། ས་གནས་ཁག་ནང་རང་རང་འདོད་བབས་དང་། འཇོན་སྟངས་ལ་གཞིགས་པའི་ལས་རིགས་འདྲ་མིན་མང་པོའི་ཐོག་འཚོ་བ་སྐྱེལ་བ་ཡིན། སུད་སི་ཡུལ་ལུང་འདི་བཞིན་མི་མང་ལ་རང་དབང་ཆེ་ཞིང། དཔལ་འབྱོར་ཡར་རྒྱས་ཅན་གྱི་རྒྱལ་ཁབ་ཅིག་ཡིན་པར་སོང་བོད་མི་རྣམས་ཀྱང་གནས་སྟངས་གང་ལེགས་ཐོག བོད་ཕྲུག་རྣམས་ཀྱང་ཡུལ་མི་སྤྱི་མཚུངས་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་སོགས་དེང་དུས་ཀྱི་མཐུན་རྐྱེན་ཚང་འཛོམས་མི་སྨོན་རང་སྐྱིད་ཀྱི་ངང་གནས་བཞིན་པ་རེད།
འོན་ཀྱང་ང་ཚོས་སྒེར་གྱི་ལྟོ་གོས་འགྲིགས་ཙམ་ལ་ཆོག་ཤེས་ཀྱིས་སྡོད་ཐབས་ག་ལ་ཡོད། ང་ཚོའི་རྩ་བའི་དམིགས་ཡུལ་བོད་ལ་རང་དབང་བདེ་སྐྱིད་འབྱུང་ཐབས་ལས་འགན་འགྲུབ་རྒྱུར་བསྡད་ཡོད་ལ། དེའི་ཆ་རྐྱེན་གཙོ་བོ་མི་རིགས་རང་ཉིད་ཀྱི་སྐད་ཡིག་རིག་གཞུང་མི་ཉམས་རྒྱུན་འཛིན་ཐུབ་ཐབས་བྱ་རྒྱུ་གལ་ཆེར་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་རིམ་པ་སྤྱི་ཕེབས་དགོངས་དོན་ལྟར། ང་ཚོས་དུས་ཚོད་འདང་མིན་སོགས་སྒེར་གྱི་དཀའ་ངལ་ཆུང་རྩག་ལ་འཛེམས་ནས་སྤྱི་དོན་གལ་ཆེ་སྤྱི་ཟོམ་ལྷོད་ཡངས་སུ་ལུས་ན། གཞོན་ནུ་ཚོའི་དུས་ཚོད་བཟང་པོ་འཕྲོ་བརླག་ཏུ་འགྲོ་རྒྱུར་བརྟེན། སྐད་ཡིག་སློབ་སྦྱོང་སྤྲོད་རྒྱུར་ལས་འགུལ་འཕྲལ་དུ་ལག་ལེན་འཁེལ་ཐུབ་པ་བྱ་གལ་ཆེ་ཞིང། འདི་ཁུལ་བོད་རིཊ་རྣམས་ས་གནས་ཁག་མང་པོར་ཁ་འཐོར་གནས་སྡོད་བྱས་པར་སོང་། རྒྱ་གར་ནང་ཡོད་པའི་བོད་མི་ནང་བཞིན་བོད་ཕྲུག་ཁ་གཙང་གཏན་ཉིན་སློབ་གྲྭ་ཟུར་འཛུགས་ཐུབ་ཐབྶ་མེད་ཀྱང་རང་རང་གནས་ཡུལ་སོ་སོར་བོད་ཕྲུག་ཚོ་སུད་སི་ཡུལ་མིའི་སློབ་གྲྭའི་ནང་སློབ་སྦྱོང་དུ་འགྲོ་རྒྱུར་འཐུས་ཤོར་མེད་པའི་ཐོག་དུས་ཚོད་བར་སེང་ཡོད་སྐབས་སུ་ལས་ཞོར་སློབ་སྦྱོང་ལྟ་བུའི་བོད་ཡིག་སློབ་གྲྭ་རེ་ཟུར་འཛུགས་ཐུབ་ན་འཕྲལ་སེལ་དེ་རང་ཕན་ཐོགས་ཆེ་ཤོས་ཡོང་རྒྱུ་ཡིན་པ་བཅས་བརྟེན་ས་གནས་ཁག་ཏུ་སློབ་གྲྭ་འགོ་འཛུགས་ཞུས།
དེ་ནས་རིམ་བཞིན་མི་འབོར་འཕེལ་རྒྱས་དང་འབྲེལ་ད་མཚམས་སུད་སི་ས་ཁུལ་ཁག་བཅུ་བཞི་ནང་ས་གནས་བོད་ཡིག་སློབ་གྲྭ་དངོས་སུ་ཚུགས་ནསསློབ་སྦྱོང་སྤྲོད་བཞིན་ཡོད། དེང་སྐབས་རྩ་བའི་ས་གནས་སོ་སོར་དགེ་ལས་ཕ་མ་རྣམས་ནས་རང་དོན་རང་གཅེས་ཀྱི་འགན་འཁུར་གནང་བ་དང། ཕྱོགས་གཞན་ཞིག་ནས་ས་གནས་འཐུས་ཚོགས་ཀྱིས་དམིགས་བསལ་བོད་ཡིག་སློབ་གྲྭའི་སྤྱི་ཁྱབ་འགན་འཛིན་བསྐོ་གཞག་གནང་ནས་སྤྱི་དོན་གལ་ཆེ་དང། བོད་མི་རང་ཉིད་ཀྱི་སྐད་ཡིག་མི་རབས་གསར་པ་བོད་ཀྱི་སོན་རྩ་རྣམས་ལ་མི་ཉམས་རྒྱུན་འཛིན་ཉམས་པ་སླར་གསོ་ཞུ་བཞིན་ཡོད་པ་བཅས་ཀྱི་ངོ་སྤྲོད་གནས་ཚུལ། བོད་རྒྱལ་ལོ་ ༢༡༣༧ རབ་གནས་ལྕགས་སྟག་ལོའི་དབྱུག་ཟླ་བའི་ཚེས་ ༣ དང་ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༡༠ ཚེས་ ༡༠ ཉིན་བཟང་པོར།། །།