༄༅། སུད་སི་སྐུ་ཚབ་དོན་གཅོད།

༄༅། །སུད་སི་དབུས་གཞུང་གི་བཀའ་འཁྲོལ་ཐོག་ཕྱི་ལོ་ ༡༩༦༤ ལོར་སུད་སི་སྐུ་ཚབ་དོན་གཅོད་ཁང་བཙུགས་ཤིང་། དེའི་ལས་དོན་གཙོ་བོ་ནི་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་རླབས་ཆེན་དགོངས་གཞི་ཁག་དང་། བོད་རྒྱ་དཀའ་རྙོག་སེལ་རྒྱུའི་བཙན་བྱོལ་བོད་གཞུང་གི་སྲིད་བྱུས། བོད་ཕྱི་ནང་གཉིས་ཀྱི་དངོས་ཡོད་གནས་སྟངས་ཁྱབ་ཁོངས་རྒྱལ་ཁབ་དང་། གྲོས་ཚོགས་ཚོགས་མི། བོད་དོན་རྒྱལ་སྐྱོར་ཚོགས་པ། རྒྱལ་སྤྱིའི་མང་ཚོགས། གསར་འགོད་པ་བཅས་བོད་དོན་དྲིལ་བསྒྲགས་ཐོག་རྒྱལ་སྤྱིའི་རྒྱབ་སྐྱོར་ཐོབ་ཐབས་འབད་བརྩོན་གནང་རྒྱུ་ཡིན།

ལས་དོན་ཞུ་སྒོ་གཞན་ཁག་ནི།

༡༽ དབུས་ཤར་ཡུ་རོབ་རྒྱལ་ཁབ་ནང་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་གཞུང་གི་མཛད་གཙོ་རྣམ་པའི་ཆིབས་བསྒྱུར་གོ་སྒྲིག་གནང་རྒྱུ།
༢༽ དབུས་ཤར་ཡུ་རོབ་རྒྱལ་ཁབ་ནང་གནས་སྡོད་བོད་རིགས་མང་ཚོགས་ཀྱི་བདེ་སྡུག་གཟིགས་སྐྱོང་གནང་རྒྱུ་དང་སྦྲགས། གཞུང་མང་གཉིས་བར་འབྲེལ་བ་དམ་ཟབ་བཟོ་རྒྱུ།
༣༽ བོད་ཀྱི་ཆོས་དང་རིགས་གཞུང་གོང་འཕེལ་དང་མི་ཉམས་རྒྱུན་འཛིན་ཡོང་སླད་མཐུན་འགྱུར་རྒྱབ་སྐྱོར་གནང་རྒྱུ།
༤༽ ཡུ་རོབ་ནང་གནས་སྡོད་རྒྱ་རིགས་མི་མང་དང་ཚོགས་པ། རྒྱ་ནག་སྐམ་ས་ཆེན་མོ་ནས་ཕྱིར་བསྐྱོད་པའི་རྒྱ་རིགས་མཉམ་མཐུན་འབྲེལ་གནང་སྟེ། བོད་ཕྱི་ནང་གཉིས་ཀྱི་དངོས་ཡོད་གནས་ཚུལ་དང་། ལྷག་པར་དུ་བོད་རྒྱ་དཀའ་རྙོག་སེལ་ཐབས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་སྙིང་དོན་འགྲིལ་བཤད་ཀྱིས་རྒྱབ་སྐྱོར་ཐོབ་ཐབས་གནང་རྒྱུ།
༥༽ རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་གཙོས་པའི་རྒྱལ་སྤྱིའི་ཚོགས་འདུ་གཞན་ཁག་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ཡོང་ཕྱིར་བོད་ཀྱི་གནད་དོན་གླེང་སློང་གནང་ཐབས་གནང་རྒྱུ།
༦༽ རྒྱ་བལ་འབྲུག་གསུམ་ནང་གནས་བསྡོད་བཙན་བྱོལ་བོད་མིའི་འཚོ་བ་དང་། ཤེས་ཡོན་དང་། འཕྲོད་བསྟེན། བཅས་ཡར་རྒྱས་གཏོང་ཐབས་སུ་དཔལ་འབྱོར་འདུ་འགོད་གང་ཐུབ་གནང་རྒྱུ།

སྐུ་ཚབ་དོན་ཁང་གི་ཁ་བྱང་གཤམ་གསལ།

The Tibet Bureau
Place de la Navigation 10
CH-1201 Genf
Switzerland

ཞལ་པར། + ༤༡ ༢༢ ༧༣༨ ༧༩ ༤༠
མྱུར་འཕྲིན། +༤༡ ༢༢ ༧༣༨ ༧༩ ༤༡
གློག་འཕྲིན། : info@tibetoffice.ch
དྲ་རྒྱ། : www.tibetoffice.ch

ཞལ་པར་ཐོག་འབྲེལ་དུས།

རེས་གཟའ་ཟླ་བ་ནས་པ་སངས་བར།
ཕྱག་ཚོད་ ༩  ནས་ ༡༣ དང་ ཉིན་རྒྱབ་ ཕྱག་ཚོད་ ༡༤ ནས་ ༡༧ བར

སུད་སི་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ནི། ཨ་རིའི་ཧར་ཝཊ་ཁྲིམས་ལུགས་མཐོ་སློབ་ཁང་ Harvard Law School

ནས་ཕྱི་ལོ་ ༢༠༡༨ ཁྲིམས་ལུགས་རིག་པའི་སློབ་དཔོན་གྱི་དབུ་གནས་ (LL.M) སློབ་ཐར་སོན་ཞིང་། ལོ་དེར་ཕྱིར་ལོག་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ནང་ཉམས་ཞིབ་པའི་ཕྱག་ལས་ལོ་ངོ་གཅིག་རིང་གནང་། ཕྱི་ལོ་ ༢༠༡༩ ནས་ ༢༠༢༡ བར་སུད་སི་སྐུ་ཚབ་དོན་ཁང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་དམིགས་བསལ་ལས་སྣེ་བསྐོ་གཞག་གནང་།

དེ་སྔ་རྒྱ་གར་ལྷོ་ཕྱོགས་མངྒ་ལོར་ཨེསི་ ཌི་ ཨེམ་ ཁྲིམས་ལུགས་མཐོ་སློབ་ནས་ཁྲིམས་ལུགས་གཙུག་ལག་སློབ་ཐོན་ (LL.B) སྦྱངས་འབྲས་རྩེ་ཕུད་ཀྱི་ལག་འཁྱེར་ཐོག་གསེར་གྱི་རྟགས་མ་ཐོབ་མྱོང་ཡོད་པ་དང་། བེངྒ་ལོར་རྒྱལ་ཡོངས་ཁྲིམས་ལུགས་མཐོ་སློབ་ཁང་ནས་ཚོང་འབྲེལ་ཁྲིམས་ལུགས་རིག་པའི་སློབ་དཔོན་གྱི་དབུ་གནས་ (LL.M) ཅན་གྱི་སྦྱངས་པ་མཐར་ཕྱིན་གནང་། དེ་རྗེས་རྒྱ་གར་ནང་འཕྲུལ་འཁོར་བཟོ་བསྐྲུན་ཁང་ཆེ་གྲས་ ཊ་ཊ་ མཱོ་ཊོར་ས་ ཞེས་པར་ལོ་ངོ་ལྔའི་རིང་ཁྲིམས་ལུགས་སློབ་སྟོན་པའི་ལས་སྣེ་ཐོག་རྒྱ་གར་ལྷོ་ཕྱོགས་སུ་གནས་གཞི་བྱེད་པའི་བཟོ་ལས་ཁང་གི་ཁྲིམས་ལུགས་སྡེ་ཚན་གྱི་འགན་འཁུར་བཞེས།

ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༣༠ ཉིན་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་སུད་སི་སྐུ་ཚབ་དོན་གཅོད་ཀྱི་ལས་འཁུར་དངོས་སུ་བཞེས་པ་བཅས།།

སྐུ་ཚབ་དོན་གཅོད་རིམ་པའི་མཚན་གཞུང་།

ཕ་ལྷ་ཐུབ་བསྟན་འོད་ལྡན། ༡༩༦༤ ནས ༡༩༧༣ བར།
གནས་ནང་བློ་བཟང་ཆོས་འཕེལ། ༡༩༧༣ ནས ༡༩༧༦ བར།
གསང་གླིང་ཚེ་རིང་རྡོ་རྗེ། ༡༩༧༦ ནས ༡༩༨༥ བར།
སྐལ་བཟང་རྒྱལ་མཚན། ༡༩༨༥།༩།༡ ནས་ ༡༩༩༢ ཟླ་་༢ བར།
རྒྱལ་རྟག་རྒྱལ་མཚན་ ༡༩༩༡ ཟླ་ ༡༡ ནས་ ༡༩༩༥ ཟླ་ ༩ བར།
ཀོ་རན་ཆུང་བདག་༡༩༩༥།༩།༥ ནས་ ༢༠༠༡།༩།༡༥ བར།
ཆོས་སྐྱབས་པ་འཆི་མེད་རིག་འཛིན། ༢༠༠༡།༨།༢༧ ནས་ ༢༠༠༥།༩།༡༥ བར།
སྐལ་བཟང་རྒྱལ་མཚན། ༢༠༠༥།༩།༡ ནས་༢༠༠༨།༣།༣༠་བར།
ཚོས་སྐྱབས་པ་ཚེ་བརྟེན་བསམ་གྲུབ། ༢༠༠༨།༤།༡ ནས་ ༢༠༡༤།༩།༣༠ བར།
དངོས་གྲུབ་རྡོ་རྗེ། ༢༠༡༤།༡༠།༡ ནས་ ༢༠༡༩།༣།༧ བར།
འཆི་མེད་རིག་འཛིན། ༢༠༡༩། ༠༣། ནས ༢༠༢༢། ༠༦། ༢༩ བར།