༄༅། །འཕགས་པ་བྱམས་པའི་སྨོན་ལམ་གྱི་རྒྱལ་པོ་ཞེས་བྱ་བ།
རྒྱ་གར་སྐད་དུ། ཨཱརྱ་མཻ་ཏྲི་པྲ་ཎི་དྷཱ་ན་རཱ་ཛཱ། བོད་སྐད་དུ། འཕགས་པ་བྱམས་པའི་སྨོན་ལམ་གྱི་རྒྱལ་བོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ།། དྲང་སྲོང་ལྷ་མིག་ལྡན་པ་ཡི།། བྱང་ཆུབ་སེམས་དཔའ་རྣམས་དང་ཡང༌།། ཉན་ཐོས་རྣམས་ལ་ཕྱག་འཚལ་ལོ།། ངན་འགྲོའི་ལམ་ནི་བཟློག་བགྱིད་ཅིང༌།། མཐོ་རིས་ལམ་ནི་རབ་སྟོན་ལ།། རྒ་ཤི་མེད་པར་འདྲེན་བགྱིད་པའི།། བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ།། སེམས་ཀྱི་དབང་དུ་གྱུུར་བས་ན།། བདག་གིས་སྡིག་པ་ཅི་བགྱིས་པ།། སངས་རྒྱས་སྤྱན་སྔར་མཆིས་ནས་སུ།། བདག་གིས་དེ་དག་བཤགས་པར་བགྱི།། བདག་ལས་རྣམ་པ་གསུམ་གང་གིས།། བསོད་ནམས་ཚོགས་ནི་བསྐྱེད་པ་དེ།། བདག་གི་ཀུན་མཁྱེན་ས་བོན་ཏེ།། བདག་ལ་བྱང་ཆུབ་མི་ཟད་ཤོག། ཕྱོགས་བཅུ་དག་གི་ཞིང་རྣམས་སུ།། སངས་རྒྱས་མཆོད་པ་གང་བྱུང་བ།། སངས་རྒྱས་མཁྱེན་པ་ཡི་རང་བ།། དེ་ལ་བདག་ནི་ཡི་རང་ངོ༌།། སྡིག་པ་ཐམས་ཅད་བཤགས་པར་བགྱི།། བསོད་ནམས་ཀུན་ལ་ཡི་རང་ངོ༌།། སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ།། བདག་ནི་ཡེ་ཤེས་མཆོག་ཐོབ་ཤོག། ཕྱོགས་བཅུ་དག་གི་ཕྱོགས་རྣམས་སུ།། ས་བཅུ་དག་ལ་གནས་པ་ཡི།། བྱང་ཆུབ་སེམས་དཔའ་ང་ཆུབ་མཆོག། འཚང་རྒྱ་བགྱིད་པར་བསྐུལ་མ་འདེབས།། བྱང་ཆུབ་དམ་པ་སངས་རྒྱས་ཤིང༌།། སྡེ་དང་བཅས་པའི་བདུད་བཏུལ་ནས།། སྲོག་ཆགས་ཀུན་ལ་སྨན་སླད་དུ།། ཆོས་ཀྱི་འཁོར་ལོ་བསྐོར་གྱུར་ཅིག། ཆོས་རྔ་ཆེན་པོའི་སྒྲ་ཡིས་ནི།། སེམས་ཅན་སྡུག་བསྔལ་མཐར་བགྱིད་ཤོག། བསྐལ་བ་བྱེ་བ་བསམ་ཡས་སུ།། ཆོས་སྟོན་མཛད་ཅིང་བཞུགས་གྱུར་ཅིག། འདོད་པའི་འདམ་དུ་བྱིང་གྱུར་ཅིང༌།། སྲེད་པས་སྲད་བུས་དམ་བཅིངས་པ།། འཆིང་བ་ཀུན་གྱིས་བཅིངས་དག་ལ།། རྐང་གཉིས་མཆོག་རྣམས་གཟིགས་སུ་གསོལ།། སེམས་ཀྱི་དྲི་མར་གྱུར་པ་ལ།། སངས་རྒྱས་རྣམས་ནི་སྨོད་མི་མཛད།། སེམས་ཅན་རྣམས་ལ་བྱམས་ཐུགས་ལྡན།། སྲིད་པའི་མཚོ་ལས་སྒྲོལ་བར་ཤོག། རྫོགས་པའི་སངས་རྒྱས་གང་བཞུགས་དང༌།། གང་དག་འདས་དང་མ་བྱོན་པ།། དེ་དག་རྗེས་སུ་བདག་སློབ་ཅིང༌།། བྱང་ཆུབ་སྤྱད་པ་སྤྱོད་གྱུར་ཅིག། ཕ་རོལ་ཕྱིན་དྲུག་རྫོགས་བགྱིས་ནས།། འགྲོ་དྲུག་སེམས་ཅན་ཐར་བགྱིད་ཤོག། མངོན་ཤེས་དྲུག་པོ་མངོན་བགྱིས་ནས།། བླ་མེད་བྱང་ཆུབ་རེག་གྱུར་ཅིག། མ་སྐྱེས་པ་དང་མི་འབྱུང་དང༌།། རང་བཞིན་མ་མཆིས་གནས་མ་མཆིས།། རྣམ་རིག་མ་མཆིས་དངོས་མ་མཆིས།། སྟོང་པའི་ཆོས་ནི་རྟོགས་པར་ཤོག། སངས་རྒྱས་དྲང་སྲོང་ཆེན་པོ་ལྟར།། སེམས་ཅན་མ་མཆིས་སྲོག་མ་མཆིས།། གང་ཟག་མ་མཆིས་གསོ་མ་མཆིས།། བདག་མ་མཆིས་པའི་ཆོས་རྟོགས་ཤོག། བདག་འཛིན་བདག་གིར་འཛིན་པ་ཡི།། དངོས་པོ་ཀུན་ལ་མི་གནས་པར།། སེམས་ཅན་ཀུན་ལ་སྨན་སླད་དུ།། སེར་རྣ་མ་མཆིས་སྦྱིན་གཏོང་ཤོག། དངོས་པོ་དངོས་པོ་མ་མཆིས་པས།། བདག་གི་ལོངས་སྤྱོད་ལྷུན་འགྲུབ་ཤོག། དངོས་པོ་ཐམས་ཅད་རྣམ་འཇིག་པས།། སྦྱིན་པའི་ཕ་རོལ་ཕྱིན་རྫོགས་ཤོག། ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང༌།། ཚུལ་ཁྲིམས་རྣམ་པར་དག་དང་ལྡན།། རློམས་སེམས་མེད་པའི་ཚུལ་ཁྲིམས་ཀྱིས།། ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག། ས་འམ་ཡང་ན་ཆུ་འམ་མེ།། རླུང་གི་ཁམས་ལྟར་མི་གནས་ཤིང༌།། བཟོད་པའམ་ཁྲོ་བ་མ་མཆིས་པས།། བཟོད་པའི་ཕ་རོལ་ཕྱིན་རྫོགས་ཤོག། བརྩོན་འགྲུས་བརྩམས་པའི་བརྩོན་འགྲུས་ཀྱིས།། བརྟན་སྤྲོ་ལེ་ལོ་མ་མཆིས་ཤིང༌།། སྟོབས་དང་ལྡན་པའི་ལུས་སེམས་ཀྱིས།། བརྩོན་འགྲུས་ཕ་རོལ་ཕྱིན་རྫོགས་ཤོག། སྒྱུ་མ་ལྟ་བུའི་ཏིང་འཛིན་དང༌།། དཔའ་བར་འགྲོ་བའི་ཏིང་འཛིན་དང༌།། རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས།། བསམ་གཏན་ཕ་རོལ་ཕྱིན་རྫོགས་ཤོག། རྣམ་པར་ཐར་བའི་སྒོ་གསུམ་དང༌།། དུས་གསུམ་མཉམ་པ་ཉིད་དང་ནི།། རིག་གསུམ་མངོན་སུམ་བགྱིས་པ་ཡིས།། ཤེས་རབ་ཕ་རོལ་ཕྱིན་རྫོགས་ཤོག། སངས་རྒྱས་ཀུན་གྱིས་བསྔགས་པ་དང༌།། འོད་དང་གཟི་བརྗིད་འབར་བ་དང༌།། བྱང་ཆུབ་སེམས་དཔའི་བརྩཽན་འགྲུས་ཀྱིས།། བདག་གཞན་བསམ་པ་རྫོགས་གྱུར་ཅིག། དེ་ལྟར་སྤྱད་པ་སྤྱོད་བྱེད་ཅིང༌།། བྱམས་པ་གྲགས་དང་ལྡན་པ་ཡིས།། ཕ་རོལ་ཕྱིན་དྲུག་རྫོགས་བགྱིས་ནས།། ས་བཅུའི་སྤོ་ལ་རབ་ཏུ་གནས།།
ན་མོ་རདྣ་ཏྲ་ཡཱ་ཡ།། ན་མོ་བྷ་ག་ཝཱ་ཏེ། ཤཱཀྱ་མུ་ན་ཡེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀ་སཾབུདྡྷ་ཡ། ཏད་ཐཱ། ཨོཾ་ཨ་ཛི་ཏེ། ཨ་ཛི་ཏེ། ཨ་བ་རཱ་ཛི་ཏེ། ཨ་ཛི་ཏེ་ཛ་ཡ། ཧ་ར་ཧ་ར། མཻ་ཏྲི་ཨ་ཝ་ལོ་ཀི་ཏེ། ཀ་ར་ཀ་ར། མ་ཧཱ་ས་མ་ཡ་སིདྡྷི་བྷ་ར་བྷ་ར། མ་ཧཱ་བོ་དྷི་མབྱབྱ་བིའ་ཛེ། སྨ་ར་སྨ་ར། ཨསྨ་ཀཾ་ས་མ་ཡ། བོ་དྷི་བོ་དྷི། མ་ཧཱ་བྷོ་དྷི་སྭཱ་ཧཱ། ཨོཾ་མོ་ཧི་མོ་ཧི་མ་ཧཱ་མོ་ཧི་སྭཱ་ཧཱ། ཨོཾ་མུ་ནི་མུ་ནི་སྨ་ར་སྭཱ་ཧཱ།
འདི་ཡི་དགེ་བས་བདག་གཞན་འགྲོ་བ་ཀུན།། ཤི་འཕོས་གྱུར་བའི་མོད་ལ་དགའ་ལྡན་དུ།། ཆོས་ཀྱིས་མཐོ་བའི་ཁང་བཟང་དེར་སྐྱེས་ནས།། མི་ཕམ་ཆོས་རྗེའི་སྲས་ཀྱི་ཐུ་བོར་ཤོག། ས་བཅུའི་དབང་ཕྱུག་རྒྱལ་ཚབ་འཛམ་གླིང་དུ།། སྟོབས་བཅུ་མངའ་བའི་གོ་འཕང་བརྙེས་པའི་ཚེ།། གསུང་གི་བདུད་རྩིའི་ཐོག་མ་རབ་མྱངས་ནས།། རྒྱལ་བའི་མཛད་པ་མ་ལུས་མཐར་ཕྱིན་ཤོག། འདི་ནས་ཤི་འཕོས་གྱུར་མ་ཐག། དགའ་ལྡན་སྐྱེས་ནས་ཡིད་དགའ་བར།། མྱུར་དུ་བྱམས་མགོན་མཉེས་བྱས་ནས།། བྱང་ཆུབ་ལུང་བསྟན་ཐོབ་པར་ཤོག། འཕགས་པ་བྱམས་པའི་སྨོན་ལམ་གྱི་རྒྱལ་པོ་རྫོགས་སོ།།