ཁྲིམས་ལུགས་དབང་འཛིན།

༄༅། བོད་མིའི་ཆོས་སྲིད་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་རྣམས་ལ་འཕྲལ་ཡུན་ཕན་བདེའི་ལམ་དུ་འཇུག་ཐབས་སུ་དེང་རབས་ཡར་ཐོན་ཅན་མང་གཙོའི་ལམ་སྲོལ་བཟང་པོ་བཀའ་དྲིན་བསྩལ་བ་ལྟར། བོད་མི་མང་སྤྱི་འཐུས་སྐབས་བཅུ་གཅིག་པའི་ཁྲིམས་བཟོ་སྣ་ཚོགས་ཀྱིས་བཙན་བྱོལ་བོད་མིའི་བཙའ་ཁྲིམས་རིན་ཆེ་གཏན་ལ་ཕབ་སྟེ། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་སྲིད་ཟུང་སྦྲེལ་མང་གཙོའི་གཞུང་གི་ཀ་བ་གསུམ་ནི། གཞུང་སྲིད་འཛིན་སྐྱོང་འགན་འཛིན་དང་། ཁྲིམས་བཟོའི་དབང་འཛིན། ཁྲིམས་ལུགས་དབང་འཛིན་བཅས་ཀྱི་འགན་དབང་འདྲེས་མེད་ཁུངས་སོ་སོར་ཕྱེ་སྟེ་ཡོད་པ་ལས། ཁྲིམས་ལུགས་དབང་འཛིན་ནི། གཞུང་སྲིད་འཛིན་སྐྱོང་འགན་འཛིན་གྱིས་བཙན་བྱོལ་གཞུང་མང་སྤྱི་ཚོགས་ནང་། ཁྲིམས་བཟོའི་དབང་འཛིན་གྱིས་གཏན་ལ་ཕབ་སྟེ་ཁྲིམས་སུ་བཅས་པའི་ཁྲིམས་སྒྲིག་ཁག་དངོས་སུ་ལག་ལེན་བསྟར་སྐབས་ཁྲིམས་སྒྲིག་གི་ཚིག་དོན་འགྲེལ་བརྗོད་བྱེད་ཕྱོགས་མ་མཐུན་པའི་རྩོད་གླེང་བྱུང་ན། ཁྲིམས་ཐོག་ཁྲིམས་སྒྲིག་གི་ཚིག་དོན་འགྲེལ་བརྗོད་དང་འབྲེལ་མཐའ་མའི་ཐག་གཅོད་བྱ་རྒྱུའི་འགན་དབང་ཁྲིམས་ལུགས་དབང་འཛིན་ཁོ་ནར་ཡོད། བཙན་བྱོལ་བོད་མི་སྤྱི་སྒེར་སུ་རུང་གི་ཁྲིམས་གཏུག་གྱོད་རྩར་ཁྲིམས་ལུགས་གཞིར་བཟུང་ཐག་གཅོད་བྱ་རྒྱུ་དང་། བཙན་བྱོལ་སྤྱི་ཚོགས་ཀྱི་དབུས་སའི་འཛིན་སྐྱོང་སྤེལ་གསུམ་ཡང་དག་པའི་ཁྲིམས་ཀྱི་དབང་སྒྱུར་གྱི་ནུས་པས་ཁྱབ་སྟེ་ཡར་རྒྱས་ཀྱི་ལམ་དུ་འགྲོ་ཐུབ་པའི་སྲུང་སྐྱོབ་དང་། སྟངས་འཛིན་བྱ་རྒྱུའི་འགན་དབང་ཡོད། ཁྲིམས་ལུགས་དབང་འཛིན་གྱི་ཁྲིམས་ཞིབ་ཁང་རིམ་པ་ནི། ཆེས་མཐོའི་ཁྲིམས་ཞིབ་ཁང་དང་། སྐོར་སྐྱོད་ཁྲིམས་ཞིབ་ཁང་། ས་གནས་ཁྲིམས་ཞིབ་ཁང་བཅས་ཡོད་དགོས།

ཆེས་མཐོའི་ཁྲིམས་ཞིབ་ཁང་།

ཆེས་མཐའི་ཁྲིམས་ཞིབ་ཁང་ནི་བཙན་བྱོལ་བོད་གཞུང་གི་བསྟི་གནས་དྷ་རྨ་ཤཱ་ལཱ་ཕྱི་ལོ་ ༡༩༩༢ ཟླ་ ༣ ཚེས་ ༡༡ ཉིན་དབུ་འཛུགས་གནང་བ་དང་།

ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག

བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་དང་། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག དཔང་རྟགས་རྩ་འཛིན་ཁརིམས་ཡིག་བཅས་ཆེས་མཐོའི་ཁྲིམས་ཁང་ནས་བཟོ་འགོད་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཆར་འབུལ་ཞུས་འབྲས་སུ་ ༡༩༩༦ ཟླ་ ༣ ཚེས་ ༢༨ ཉིན་ཆོག་མཆན་བཀའ་འཁྲོལ་ཕྱག་རྟགས་རིན་པོ་ཆེ་སྩལ་སྨིན་བྱུང་སྟེ་ཁྲིམས་ཡིག་ཏུ་གཏན་འབེབས་གནང་ཡོད།