ཐེངས་འདིར་རླབས་ཆེན་གྱི་ཐག་གཅོད་ཅིག་བྱས་པ་ཡིན།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༡ཟླ་ཚེས་༡༩ཉིན། དེ་རིང་བོད་ལུགས་ཆོ་འཕྲུལ་ཟླ་བའི་ཚེས་༡༥སྟེ། དུས་ཚེས་ཁྱད་པར་ཅན་གྱི་ཉིན་མོ་འདིར། དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དད་ལྡན་སེར་སྐྱ་མི་མང་སྟོང་ཕྲག་བརྒལ་བར་སྟོན་པའི་སྐྱེས་རབས་ཀྱི་གསུང་ཆོས་བསྩལ་གནང་མཛད་པས་མ་ཚད། གལ་ཆེའི་མ་འོངས་བོད་མིའི་ལས་དབང་དང་འབྲེལ་བའི་བཀའ་སློབ་ཁག་ཅིག་ཀྱང་བསྩལ་གནང་མཛད་ཡོད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། དེ་རིང་འདིར་བོད་ནས་ཡོང་མཁན་མང་པོ་ཞིག་ཡོད་དུས། སྐད་ཆ་ཞིག་བཤད་འདོད་བྱུང་སོང༌། ང་ཚོས་འདིར་རང་དབང་འཐབ་རྩོད་བྱེད་པ་ལ། ༼དབུ་མའི་ལམ་༽ཟེར་བ་དེར་འགྲོ་བཞིན་ཡོད་པ་རེད། ཧ་ལམ་འདས་པའི་ལོ་ངོ་སུམ་ཅུ་དང་བཞི་བཅུའི་རིང་བོད་ནང་ནས་ཡོང་མཁན་མི་བརྒྱ་ཕྲག་མང་པོ་ཞིག་ངོས་དང་ཐུག་ཡོད་པ་རེད། དེ་ཚོ་ཚང་མས་༼དབུ་མའི་ལམ་༽ཟེར་བ་དེ་དངོས་གནས་ལག་ལེན་ཁེལ་ཐུབ་པ་ཞིག་དང༌། རྒྱ་ཕྱོགས་ནས་ཀྱང་རྒྱབ་སྐྱོར་རག་རྒྱུའི་ཆབ་སྲིད་ཧ་ཅང་རན་པ་ཞིག་རེད་འདུག་ཅེས་ཁ་གཅིག་གྲགས་གྱིས་ཟེར་གྱིན་འདུག
དེར་བརྟེན་ང་ཚོ་འདིར་མི་ཁག་ཅིག་གིས་བོད་ནང་གི་གཞིས་ལུས་རྒྱ་ཆེ་མི་མང་གི་རང་བཙན་དགོས་ཟེར་གྱིན་ཡོད་པ་རེད་ལབ་ཀྱིན་ཡོད་པ་རེད། བསམ་བློ་མ་བཏང་བར་གལ་སྲིད་ཁྱེད་ལ་རང་བཙན་དགོས་སམ་ག་རེ་དགོས་ལབ་པ་ཡིན་ན། རང་བཙན་དགོས་ལབ་ཀྱི་རེད། འོན་ཀྱང་སྲང་ལམ་ནང་ནས་བསྒྲུབ་རྒྱུ་ཡོད་པ་ཞིག་ཡིན་ན། སྒྲུབ་ཆོག་གི་རེད། དེ་འདྲ་མ་རེད། དེར་བརྟེན། དངོས་ཡོད་གནས་ཚུལ་ལ་རན་པ་ཞིག ཕྱོགས་ཡོངས་ནས་བསམ་བློ་བཏང་ནས་ཐག་གཅོད་བྱེད་དགོས་པ་ཞིག་རེད་མ་གཏོགས། དེ་ག་ཙམ་གྱིས་རེ་བ་དང་མོས་པ་རྐྱང་རྐྱང་གི་ཐོག་ནས་ཡོང་རྒྱུ་ཞིག་ཧ་ཅང་ཁག་པོ་རེད།
ང་ཚོར་རང་བཙན་ཐོབ་ཐང་ཡོད་པ་རེད། རང་བཙན་ཐོབ་ཐང་ཡོད་པ་རེད་ཟེར་ན། དེ་རྒྱུ་མཚན་དང་ལྡན་པ་ཞིག་རེད། ད་ལྟ་རང་བཙན་དགོས་ཟེར་ལབ་པ་ཡིན་ན། སུས་རྒྱབ་སྐྱོར་བྱེད་ཀྱི་རེད། སྔོན་ལ་རྒྱ་གར་གཞུང་གིས་རྒྱབ་སྐྱོར་བྱེད་ཀྱི་མ་རེད། ཨ་རིས་ རྒྱབ་སྐྱོར་བྱེད་ཐུབ་ཀྱི་མ་རེད། ཡོ་རོབ་གྲོས་ཚོགས་ཀྱིས་རྒྱབ་སྐྱོར་བྱེད་ཐུབ་ཀྱི་མ་རེད། རྒྱ་ནག་ནང་གི་ཤེས་ཡོན་ཅན་དེ་ཚོས་ཀྱང་རྒྱབ་སྐྱོར་བྱེད་ཐུབ་ཀྱི་མ་རེད། དེ་ཚོས་རྒྱབ་སྐྱོར་མེད་པར་ང་ཚོ་གཅིག་པུས་བྱེད་ཐུབ་ཀྱི་མ་རེད། དེར་བརྟེན་ང་ཚོས་དངོས་ཡོད་གནས་ཚུལ་ལ་རན་པ་ཞིག་ལ་བསམ་བློ་གཏོང་དགོས་ཀྱི་ཡོད་པ་རེད།
རྒྱ་ཆེའི་མི་མང་བོད་ལ་ཡོད་པ་དེ་ཚོའི་ནང་བསམ་བློ་ཡོད་མཁན་དེ་ཚོར། ཧ་ལམ་ངས་བརྒྱ་ཕྲག་མང་པོ་ལབ་ཚར་བ་རེད། ངས་ངོ་ཤེས་པ་དེ་འདྲ་གཅིག་བརྒྱུད་གཉིས་བརྒྱུད་དང༌། མ་ཚད་ཉེ་ཆར་རང་བོད་ནས་ཚུར་ཡོང་མཁན་བུ་ཆུང་ཆུང་ཞིག་གིས། ཁོ་རང་རྒྱ་ནག་ནང་སློབ་གྲྭ་ཆེན་མོ་ཞིག་ནས་ཐོན་པ་ཡིན་ཟེར། ཁོང་གིས་བོད་དང་རྒྱ་ནག་ནང་ཡོད་པའི་ཁོ་རང་ཚོའི་མི་ཐོག་སློབ་ཕྲུག་སྟོང་ཕྲག་མང་པོ་དེ་ཚོ་ཚང་མས། ༧རྒྱལ་བ་རིན་པོ་ཆེས་བསམ་བློ་བཏང་ནས་༼དབུ་མའི་ལམ་༽ཟེར་བ་དེར། ཚང་མས་མོས་མཐུན་ཡོད་རྒྱབ་སྐྱོར་ཡོད་ཅེས་ཟེར་གྱི་འདུག དེར་བརྟེན་ང་ཚོས་བསམ་བློ་ཙམ་མ་བཏང་ནས་དེ་ག་ཙམ་གྱིས་ཁ་ནས་བོད་རྒྱ་ཆེ་མི་མང་གི་རང་བཙན་འདོད་ཀྱི་ཡོད་པ་རེད། ༧རྒྱལ་བ་རིན་པོ་ཆེས་རང་བཙན་འདོད་ཀྱི་ཡོད་པ་རེད་ཟེར་བའི་སྐད་ཆ་དེ་མ་ཤོད་ཨ། གོ་སོང་ངམ། ཤེས་སོང་ཨ། དེ་ག་ཡིན་ཞེས་བཀའ་གནང་སོང༌།

ཡང་ཟླ་འདིའི་ཚེས་༡༤ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ལ་གང་ཉིད་ཆབ་སྲིད་ཀྱི་ཐུགས་འགན་ལས་བགྲེས་ཡོལ་ཆ་ཚང་གནང་རྒྱུ་ཡིན་ལུགས་གསུང་འཕྲིན་ཞིག་བསྩལ་གནང་མཛད་ཀྱང་། བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནས་གྲོས་བསྡུར་མང་པོ་གནང་མཐར། དེ་རིང་སླར་ཡང་གང་ཉིད་མུ་མཐུད་ནས་བོད་མིའི་ཆབ་སྲིད་ཀྱི་མཛད་འགན་བཞེས་གནང་ཡོང་བའི་རེ་སྐུལ་ཞུས་ཡོད་ཀྱང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གང་ཉིད་བགྲེས་ཡོལ་དུ་ཕེབས་དགོས་པའི་དགོས་པ་རྒྱུ་མཚན་དང༌། རྒྱུད་རིམ་སོགས་མི་མང་ལ་ཡར་བསྐྱར་བཀའ་སློབ་དང་གསལ་བཤད་གནང་དོན།
ཕྱི་ལོ་༢༠༠༡ལོར་བཙན་བྱོལ་ནང་མི་མང་གིས་ཁ་ཐུག་བཀའ་བློན་ཁྲི་པ་འོས་འདེམས་བྱས་ནས། མི་མང་གིས་འོས་བསྡུའི་ལམ་ནས་བདམས་བཀོད་བྱས་ནས་ད་བར་ལོ་༡༠ཙམ་འགྲོ་བཞིན་ཡོད་པ་རེད། དོན་གྱི་ཆ་ནས་བཀའ་བློན་ཁྲི་པ་འོས་བསྡུའི་ཐོག་ནས་བཀོད་པའི་ཉིན་མོ་དེ་ནས་བཟུང༌། ༧རྒྱལ་བ་རིན་པོ་ཆེ་དགའ་ལྡན་ཕོ་བྲང་བླ་བྲང་གི་ཐོག་ནས་ལུགས་གཉིས་ཀྱི་དབང་ཆ་ཆ་ཚང་བཟུང་བསྡད་པ་དེ་འགྱུར་བ་ཕྱིན་ཚར་བ་རེད།
དེར་བརྟེན་ང་རང་ཕྱེད་རྒས་ཡོལ་ཡིན་ཟེར་ནས་བཤད་བསྡད་བཞིན་ཡོད། དེ་ནས་ལོ་༡༠ཕྱིན་པ་རེད། དངོས་གནས་མང་གཙོ་མཚན་ཉིད་ཚང་བ་ཞིག མང་གཙོའི་ངོ་བོ་ཡོངས་སུ་རྫོགས་པ་ཞིག་སྔ་ཕྱི་མ་གཏོགས་འགྲོ་དགོས་ཀྱི་ཡོད་པ་རེད། རྒྱལ་པོས་དབང་བཟུང་པ་དང༌། བླ་ཆེན་གྱིས་དབང་བཟུང་ཟེར་བ་དེ། དུས་ཚོད་རྙིང་པའི་སྐད་ཆ་རེད། འཛམ་བུ་གླིང་འདིའི་སྒང་ལ། འཛམ་བུ་གླིང་སྤྱི་ཡོངས་འགྲོ་སའི་ལམ་ཁ་དེར་ང་ཚོ་འགྲོ་དགོས་ཀྱི་ཡོད་པ་རེད། འཛམ་བུ་གླིང་སྤྱི་མང་གཙོ་བཟུང་ཐོག་ནས་འོས་བསྡུ་བྱས་ནས་འགྲོ་ས་དེ་ཡག་ཤོས་རེད།
རྒྱ་གར་ལ་ཆགས་བཞག་ན་མི་འབོར་ཧ་ཅང་མང་པོ་ཡོད་བསྡད་པ། རྙོང་དྲ་ཧ་ཅང་ཆེན་པོ་ཡོད་བསྡད་པ་ཞིག རིག་གཞུང་སྐད་ཡིག རྒྱ་གར་ཤར་ནུབ་དང་ལྷོ་བྱང་དབར་མི་འདྲ་བ་མི་འདྲ་བ་ཡོད་པ་རེད། འོན་ཀྱང་མང་གཙོ་ཡིན་པ། ཁྲིམས་ཀྱིས་དབང་བསྒྱུར་ཡོད་པ། གཏམ་བརྗོད་རང་དབང་ཡོད་པ། གསར་འགྱུར་རང་དབང་ཡོད་པ། དེ་འདྲའི་ཐོག་ནས་རྒྱ་གར་ཧ་ཅང་བརྟན་པོ་སྡོད་ཐུབ་ཀྱི་ཡོད་པ་རེད།
རྒྱ་ནག་ཕར་ཙམ་དེར་གཅིག་སྡུད་བྱས་ནས་བསྡད་ཡོད་དུས། ག་དུས་ཡིན་རུང་དཀའ་ངལ་འཕྲད་ཀྱིན་འདུག་ཨ། ཉེ་ཆར་རྒྱ་ནག་གཞུང་གི་ཡིག་ཆའི་ནང་ལ། རྒྱལ་སྲུང་གི་འགྲོ་སོང་ལས་ནང་ཁུལ་བདེ་འཇགས་ཀྱི་ཐོག་ལ་འགྲོ་སོང་དེ་མང་བ་ཆགས་ཀྱི་འདུག་ཨ། དངོས་གནས་བྱས་ན་ངོ་ཚ་པོ་རེད། ཕྱིའི་དགྲ་ལས་ནང་གི་དགྲ་དེ་མང་བ་ལྟ་བུ་ཆགས་བསྡད་ཡོད་པ་རེད། ངོ་ཚ་དགོས་པ་ཞིག་རེད། ཤེས་སོང་ཨ། མི་མང་སྲིད་གཞུང་ཟེར་བ་དེ་མི་མང་ལ་ཞབས་འདེབས་ཞུ་མཁན་ཞིག་ཡིན་དགོས་ཀྱི་ཡོད་པ་རེད།
གུང་ཁྲན་ཏང་ལ་ཆགས་བཞག་ན་མི་མང་ལ་ཞབས་འདེབས་ཞུ་མཁན་ཞིག་ཡིན་པའི་སྐད་ཆ་རེད། མི་མང་གི་འདོད་པ་ཚིམས་ཀྱི་ཡོད་དམ་མེད་ཟེར་བ་དེ་མི་མང་གི་འོས་བསྡུ་བྱས་ནས་ཡོང་དགོས་པ་ཞིག་རེད། མི་མང་གིས་འོས་བསྡུ་བྱས་ན་ཐོབ་པ་ཞིག་ཡིན་ན་གཟི་བརྗིད་རེད། འོས་བསྡུ་མ་བྱས་པ་དྲག་པོའི་མཚོན་ཆའི་ཐོག་ནས་དབང་བཟུང་རྒྱུ་དེ་དུས་ཚོད་ཡོལ་ཟིན་པ་རེད། དེར་བརྟེན་མི་གཅིག་གི་དབང་ཟིན་ཟེར་བ་དེ། རྩ་བ་ནས་ཡག་པོ་ཞིག་མ་རེད། དེ་འདྲ་ཡིན་དུས། འདིར་མཐའ་ཐུག་དེ་༧རྒྱལ་བ་རིན་པོ་ཆེས་དབང་ཟིན་པའི་བཟོ་འདྲ་ཞིག་བྱས་པ་ཡིན་ན། རྩ་བ་ནས་ཡག་པོ་ཞིག་མི་འདུག
༧རྒྱལ་དབང་གི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༧རྒྱལ་དབང་སྐུ་ཕྲེང་དང་པོའི་སྐབས་སུ་ཆགས་ཡོད་པ་མ་རེད། གཉིས་པའི་སྐབས་ལ་ཆགས་ཡོད་པ་མ་རེད། གསུམ་པའི་སྐབས་ལ་ཆགས་ཡོད་པ་མ་རེད། བཞི་པའི་སྐབས་ལའང་ཆགས་ཡོད་པ་མ་རེད། ལྔ་པ་ནས་བྱུང་བ་ཞིག་རེད། རྐྱེན་མང་པོ་ཞིག་གི་འོག་སོག་པོ་གུ་ཤི་ཧན་གྱིས་རོགས་པ་བྱས་ནས་བྱུང་བ་ཞིག་རེད། ཕན་ཐོགས་ཀྱང་བྱུང་ཡོད་པ་རེད། ད་ཆ་དུས་རབས་༢༡པའི་ནང་སླེབས་བསྡད་ཡོད་པ་རེད། སྔ་ཕྱི་མ་གཏོགས་འགྱུར་བ་འགྲོ་རྒྱུ་རེད། འགྱུར་བ་གཏོང་དགོས་བྱུང་ན། མི་གཞན་ཞིག་གིས་གནོན་ཤུགས་སྤྲད་ནས་འགྱུར་བ་གཏོང་དགོས་བྱུང་ན། སྐུ་ཕྲེང་༧གོང་མ་དེ་ཚོའི་མཚན་ཤས་ཤིག་རེད་དྲན་་་་་་་གྱིན་འདུག
སྐུ་ཕྲེང་༥པ་ངག་དབང་བློ་བཟང་རྒྱལ་མཚོའི་སྐབས་ནས་༧རྒྱལ་དབང་གིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གནང་རྒྱུ་དེ་ཆགས་པ་རེད། ངོས་རང་༧རྒྱལ་བ་༥པའི་སྐྱེ་ཕྲེང་༡༤པ་དེ་ཆགས་བསྡད་ཡོད་པ་རེད། དེར་བརྟེན་༧རྒྱལ་བ་སྐུ་ཕྲེང་ཞིག་གིས་དང་དུ་བླངས། དགའ་ཞིང་སྤྲོ་ཞིང༌། སྤོབས་པའི་ཐོག་ནས་༧རྒྱལ་དབང་གིས་བོིད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཟེར་བ་དེ་བསྡུ་གསོག་བརྒྱབ་པ་ཡིན་ན། ཤིན་ཏུ་ནས་འོས་པ་ཞིག་རེད། མི་སུ་ཞིག་གིས་ཀྱང་བྱེད་ཐུབ་པ་ཞིག་མ་རེད། དེ་ངས་ཐག་བཅད་ཐུབ་ཀྱི་རེད།
བོད་ཀྱི་ཆབ་སྲིད་ཀྱི་ལས་འགན་དེ་མང་གཙོའི་ཐོག་ནས་འོས་བསྡུ་བྱས་པའི་འགོ་ཁྲིད་དེས་དབང་ཆ་གཙང་མ་ཁྱེར་ནས་འགྲོ་རྒྱུ་ཞིག་མ་གཏོགས། ངས་འདི་ནས་ཡིག་ཆ་ལ་སོགས་པའི་ནང་༧རྒྱལ་བ་རིན་པོ་ཆེ་ཆབ་སྲིད་ཀྱི་འགོ་ཁྲིད་ཡིན་པའི་རྣམ་པ་དེ་ལུས་བསྡད་པ་ཡིན་ན། གཞུག་ཅིག་ལྷག་བསྡད་པ་ལྟ་བུ་ཞིག་ཆགས་ཀྱི་རེད། དེར་ངེས་པར་དུ་བསྒྱུར་བཅོས་གཏོང་དགོས་ཀྱི་ཡོད་པ་རེད། བསྒྱུར་བཅོས་གཏོང་བར་དུས་དེ་ད་ལྟ་སླེབས་པའི་བཟོ་འདྲ་ཞིག་འདུག
ངས་དཔའ་གཏམ་འདྲ་པོ་ཞིག་བཤད་པ་ཡིན་ན། ད་ལྟ་བར་དུ་༧རྒྱལ་བ་རིན་པོ་ཆེས་བྱས་རྗེས་གང་ལ་གང་འཚམ་བཞག་ཡོད་པ་རེད། གཙོ་ཆེ་ཤོས་གཞིས་ལུས་རྒྱ་ཆེ་མི་མང་གིས་ངོས་ལ་ཡིད་ཆེས་བྱེད་ཀྱིན་ཡོད་པ་རེད། ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་པ་ཚོ་ཡིན་ནའང་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད། འཛམ་བུ་གླིང་འདིའི་སྒང་ནས་ཡིན་ནའང་ཏཱ་ལའི་བླ་མ་ཟེར་དུས་ཡིད་ཆེས་ཆགས་འཇོག་བྱེད་ས་ལྟ་བུ་དགའ་པོ་བྱེད་མཁན་མང་པོ་ཞིག་ཡོད་པ་རེད། དེ་འདྲའི་༧རྒྱལ་དབང་གི་དུས་ཚོད་དེ་ཆབ་སྲིད་ཐོག་༧རྒྱལ་དབང་༥པའི་སྐབས་སུ་གསར་དུ་ཆགས་པ་དེ་ཕར་བཞག་ནས། ༧རྒྱལ་དབང་སྐུ་༧གོང་མ་དགེ་འདུན་རྒྱལ་མཚོ། བསོད་ནམ་རྒྱལ་མཚོ། ཡོན་ཏན་རྒྱལ་མཚོ་༼དགུངས་ལོ་མང་པོ་བཞུགས་ཡོད་པ་མ་རེད།༽ གཙོ་བོར་དགེ་འདུན་རྒྱལ་མཚོ་དང་བསོད་ནམ་རྒྱལ་མཚོས་ཆོས་ཕྱོགས་ཀྱི་ཐོག་ནས་དངོས་གནས་སྤྱི་མོས་ཡོད་པ། ༧རྒྱལ་དབང་དགེ་འདུན་རྒྱལ་མཚོ་ལ་རིས་མེད་པའི་ཞྭ་སེར་མོ་བ་ཞེས་མཚན་ཐོག་པ་ཞིག་བྱུང་བ་རེད།
རིས་མེད་ཐོག་ལ་གཟིགས་ནས། ཡོང་ས་འབྲས་སྤུངས་ནས་ཡོང་བ་ཞིག་རེད། འོན་ཀྱང་རིས་མེད་གནང་མཁན་ཞིག་ཆགས་པ་རེད། འོ་དེ་ཚོ་ནང་བཞིན་ངོས་ཀྱི་ཚེ་སྨད་དེ་ཆོས་ཕྱོགས་ཀྱི་འགན་དེ་འཁུར། མུ་མཐུད་ནས་འཁུར་གྱི་རེད། ང་རང་སྒེར་གྱི་ངོས་ནས་འཛམ་བུ་གླིང་འདིའི་ཐོག་ལ་ཡ་རབས་སྤྱོད་བཟང་གོང་འཕེལ་གཏོང་རྒྱུ་དེ་ངོས་ཀྱིས་ལས་ཀ་བྱེད་ཀྱིན་ཡོད། དེ་གང་ལ་གང་འཚམ་གྱི་ཕན་ཐོགས་ཡོང་གིན་འདུག ཆོས་ལུགས་མཐུན་སྒྲིལ་ཡོང་ཆེད་དུ་ལས་ཀ་ཞིག་བྱེད་ཀྱིན་ཡོད། དེས་གང་ལ་གང་འཚམ་གྱིས་ཕན་ཐོགས་ཡོང་གིན་འདུག
དེ་རིང་ཁ་སང་ངོས་རང་སློབ་གྲྭ་ཆེན་མོ་དེ་འདྲ་ལ་ཡོང་རོགས། འདི་ལ་ཡོང་རོགས་ཟེར་མཁན་མང་པོ་འདུག ཁོང་ཚོས་ཆོས་བཤད་པ་ཡོང་རོགས་ཟེར་གྱིན་ཡོད་པ་རེད། ངོས་ཀྱིས་མིའི་སེམས་བདེ་སྐྱིད་ཡོང་ཆེད་དུ་བསམ་བློ་གང་འདྲ་གཏོང་དགོས་ཀྱི་ཡོད་མེད། དེ་ཚོའི་སྐོར་རེད། ནང་པའི་ཆོས་བཤད་ཀྱིན་ཡོད་པ་མ་རེད། ནང་པའི་ཆོས་ནང་ཡོིད་པ་དེའི་ཐོག་ནས་ངོས་ཀྱི་འགྲེལ་བཤད་རྒྱག་གིན་ཡོད་པ་རེད། དེར་མི་མང་པོ་ཞིག་གིས་དགའ་པོ་བྱེད་ཀྱིན་འདུག
དེ་འདྲའི་མི་མང་པོ་ཞིག་གིས་ཏཱ་ལའི་བླ་མར་དགའ་པོ་བྱེད་བཞིན་པའི་དེའི་སྐབས་སུ་ལུགས་གཉིས་ཀྱི་དབུ་ཁྲིད་ཆོས་སྲིེད་གཉིས་ཀྱི་དབུ་ཁྲིད་རེད་ཟེར་བ་དེ་མཚམས་བཞག་པ་ཡིན་ན། གཟི་བརྗིད་ལྡན་པའི་ཐོག་ནས། དཔེར་ན་དུས་རྒྱུན་ང་ཚོས་ཚོགས་འདུ་འདྲ་ཚོགས་དུས། ཚོགས་འདུ་མཐའ་མ་དེར་རྒྱལ་ཁའི་ངང་ནས་གྲོལ་བ་ཡིན་ཟེར་གྱིན་འདུག་ཨ། དེ་ནང་བཞིན་བྱས་ནས་༧རྒྱལ་དབང་༥པ་ནས་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བྱས་ནས་ད་བར་ལོ་༤༠༠ལྷག་ཙམ་ཕྱིན་པ་དེ་༼རྒྱལ་ཁའི་ངང་ནས་མཚམས་བཞག་རྒྱུ་བྱུང་ན་༽གཟི་བརྗིད་རེད། ངའི་བསམ་ཚུལ་དེ་རེད། དེ་ངས་ཐག་གཅོད་ཐུབ་ཀྱི་རེད་མ་གཏོགས་གཞན་སུ་ཞིག་གིས་ཀྱང་ཐག་གཅོད་ཐུབ་ཀྱི་མ་རེད། ཐག་གཅོད་ཐུབ་མཁན་དེ་༧རྒྱལ་དབང་ལྔ་པའི་དབུ་བཙུགས་པ་དེ་༧རྒྱལ་དབང་གི་སྐྱེ་ཕྲེང་ཞིག་གིས་ཐག་བཅད་པ་རེད། དེར་འགྱུར་བ་འགྲོ་རྒྱུ་གང་ཡང་བསྡད་ཡོད་པ་མ་རེད། ཤེས་སོང་ངམ།
དེ་དང་འཕྲོས་པའི་དེ་རིང་ཁ་སང་བདུན་ཕྲག་གཅིག་ཙམ་གྱི་ནང་བོད་ནས་ངོས་ལ་ཁ་པར་གཏོང་མཁན་དེ་འདྲ་ཡོང་གིན་འདུག ༧རྒྱལ་བ་རིན་པོ་ཆེས་རྒས་ཡོལ་གནང་གིན་ཡོད་པ་རེད། ང་ཚོ་བོད་པ་ཚོ་དཔའ་བོ་རྒྱབ་ཆད་ལྟ་བུ་ཞིག་ཆགས་སོང་ཟེར། ཧ་ཅང་སེམས་ཁྲལ་བྱེད་ཀྱིན་འདུག་ཟེར་བའི་སྐད་ཆ་ཞིག་གོ་བྱུང༌། དེ་འདྲ་བྱེད་དགོས་པ་རྩ་བ་ནས་ཡོད་པ་མ་རེད། ངས་འདིར་རྒས་ཡོལ་བྱས་ནས་༧རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་དང་པོ། གཉིས་པ། གསུམ་པ། བཞི་པ་བར་དུ་ནང་བཞིན་བྱས་ནས་ཆོས་ཕྱོགས་ཀྱི་འགོ་ཁྲིད་དང༌། ཆབ་སྲིད་ཀྱི་འགན་མེད་པ་བྱས་ནས། དགའ་ལྡན་ཕོ་བྲང་དགེ་འདུན་རྒྱལ་མཚོ་སྐབས་ནས་ཚུགས་པ་ཞིག་རེད། སྐབས་དེར་ཆབ་སྲིད་ཀྱི་དབང་ཆ་དང་ཆབ་སྲིད་ཀྱི་འགན་དབང་གང་ཡང་ཡོད་པ་རེད།
ཆོས་ཕྱོགས་རྐྱང་རྐྱང་ཐོག་དངོས་གནས་སྤྱི་མོས་ཐོག་ནས་ཡོད་པའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ཆགས་བསྡད་ཡོད་པ་རེད། ངོས་རང་དེ་བཞིན་དུ་ཚེ་སྨད་དེ་ཆོས་ཕྱོགས་ཐོག་ནས་སྤྱི་མོས་ཡོད་པའི་ཆོས་ཕྱོགས་ཀྱི་འགོ་ཁྲིད་ཅིག་དང༌། ཕ་ཆེར་ངས་ཞབས་འདྲེན་ནི་ཞུ་མི་ཡོང༌། ངས་ཞབས་འདྲེན་མི་ཞུ་བ་ཧུར་ཐག་བྱས་པ་ཡིན་ན་སྤྱི་མོས་ཕ་ཆེར་བསྡད་ཀྱི་རེད། དེར་བརྟེན་སྤྱི་མོས་ཡོད་པའི་༧རྒྱལ་དབང་ཞིག་གིས་ཆབ་སྲིད་ཀྱི་འགན་དབང་དེ་ཕར་བཞག་ནས་ཚུར་ཕྱོགས་དེར་ཕྱིན་པ་ཡིན་ན། དངོས་གནས་ང་ཚོ་འདིར་བཙན་བྱོལ་གྱི་སྒྲིག་འཛུགས་ཡོད་པ་དེ་སྲ་བརྟན་གོང་འཕེལ་ཡག་ཏུ་འགྲོ་རྒྱུ་ཞིག་དང༌། འཛམ་བུ་གླིང་འདིའི་སྒང་ལ་ང་ཚོར་རྒྱབ་སྐྱོར་བྱེད་མཁན་དེ་ཚོས་ཡིན་ནའང༌། ཏཱ་ལའི་བླ་མས་ཁ་ཞེ་གཉིས་མེད་དེ་མཐའ་སྐྱེལ་ནས་མང་གཙོ་ཚད་ཉིད་ཚང་བ་ཞིག་ལ་ཕྱིན་སོང་ཟེར་ནས། འཛམ་བུ་གླིང་འདིའི་སྒང་ལ་ཡིན་ནའང་ཆ་འཇོག་ཡག་ཏུ་འགྲོ་རྒྱུ་དང༌། ཕར་ཕྱོགས་རྒྱ་མི་ཡིན་ནའང་བོད་ཀྱི་དཀའ་ངལ་ཞིག་ཡོད་པ་མ་རེད།
དཀའ་ངལ་དེ་ཏཱ་ལའི་བླ་མ་རེད་ཅེས་བཤད་ཀྱིན་ཡོད་པ་རེད། ང་ཚོ་འདིར་ལོ་ངོ་མང་པོ་ཞིག་གི་རིང་དཀའ་ལས་བརྒྱབ་པ་དེ་ཏཱ་ལའི་བླ་མའི་ཐོབ་ཐང་ཞིག་ལ་ཐུག་བསྡད་ཡོད་པའི་བཟོ་འདྲ་པོ་དེ། བརྒྱ་ཆ་བརྒྱ་ཐམ་པ་བདེན་པ་མ་ཡིན་པ། སྐྱག་རྫུན་ཡིན་པ་ད་ལྟ་ངས་ཐག་གཅོད་བྱས་པ་དེའི་ཐོག་ནས་འཛམ་བུ་གླིང་ཀུན་གསལ་ཆགས་ཡོང་གི་རེད། བོད་ནང་གི་མི་ཚོས་༧རྒྱལ་བ་རིན་པོ་ཆེ་རྒས་ཡོལ་ཕེབས་པ་རེད་ཟེར་ནས་སེམས་ཤུགས་ཆགས་དགོས་པ་རྩ་བ་ནས་ཡོད་པ་རེད། ཡག་པོ་ཞིག་བསམ་བློ་ཐོངས་དང༌། སྤྱི་བྱེ་བྲག་གང་གི་ཆ་ནས་ཡིན་རུང༌། ཐེངས་འདིར་རླབས་ཆེན་གྱི་ཐག་གཅོད་ཅིག་བྱས་པ་ཡིན།
ཕུགས་རྒྱང་རིན་པོར་བོད་སྤྱིའི་བསྟན་སྲིད་ལ་ཕན་ཆེད་ཅིག་ཡིན། ཤེས་སོང་ངམ། བོད་རྒྱ་ཆེ་མི་མང་ལ་ཆགས་བཞག་ན། བཙན་བྱོལ་གྱི་སྒྲིག་འཛུགས་བརྟན་དུ་འགྲོ་རྒྱུ་དང༌། བཙན་བྱོལ་གྱི་སྒྲིག་འཛུགས་མདུན་ནས་མདུན་དུ་མདུན་སྐྱོད་བྱ་རྒྱུ། ཕར་ཕྱོགས་གུང་ཁྲན་གྱི་གཅིག་སྡུད་ཀྱི་ལམ་ལུགས་དང༌། ང་ཚོ་འདིར་བཙན་བྱོལ་བ་ཉུང་ཤས་ཤིག་ཡོད་པ་དེ་གཉིས་བསྡུར་བ་ཡིན་ན། ང་ཚོ་འདིར་དེང་རབས་ཅན་དུ་བསྒྱུར་རྒྱུ་ཆ་ཚང་བ་ཞིག་ཆགས་ཀྱི་ཡོད་པ་རེད། དེ་ང་ཚོའི་གཟི་བརྗིད་རེད། བོད་ནང་གི་རྒྱ་ཆེ་མི་མང་ཡིན་ནའང་སྤོབས་པ་སྐྱེ་གཞིའི་རྒྱུ་ཞིག་ཆགས་ཀྱི་ཡོད་པ་རེད། གནས་ཚུལ་དེ་ཚོ་ཁྱེད་ཚོས་ཤེས་པ་གྱིས། གོ་བ་གྱིས། ང་རང་འདིར་སེམས་ཤུགས་ཆགས་པ་དང༌། ངས་བོད་སྤྱི་པའི་དོན་དུ་བློས་བཏང་ནས་བཞག་པའི་བཟོ་འདྲ་པོ། དེ་འདྲ་༼རྩ་བ་ནས་མ་རེད་༽།
ངོས་རང་གངས་ཅན་པའི་ཡུལ་མི་ཞིག་ཆགས་བསྡད་ཡོད་པ་རེད། གངས་ཅན་པ་ས་ཡ་༦བོད་མི་སྤྱི་བོ་གནམ་བསྟན་ཡོངས་རྫོགས་ལ་བོད་སྤྱིའི་དོན་དུ་འགན་ཞིག་འཁྲི་བསྡད་ཡོད་པ་རེད། ངོས་ལ་ཆགས་བཞག་ན་བོད་མི་སྤྱི་བོ་གནམ་བསྟན་ནང་གཅིག་ཆགས་བསྡད་ཡོད་པ་རེད། མདོ་སྨད་ཨ་མདོའི་ཡུལ་ནས་ཡོང་བའི་བོད་པ་ཞིག་ཆགས་བསྡད་ཡོད་པ་རེད། གངས་ཅན་པ་ཆགས་བསྡད་ཡོད་པ་རེད། ངོས་མ་ཤི་བར་དུ་འགན་དེ་ཡོད་ཡོད་པ་རེད། ད་ལྟ་ངོས་རང་གཟུགས་པོ་ཡང་བདེ་པོ་ཡོད་བསྡད་པའི་མུས་ལ། ཁྱེད་རང་ཚོས་འགན་ཆ་ཚང་ཞིག་འཁུར་ནས་རྒྱུག་དང༌། ཡང་དམིགས་བསལ་དཀའ་ངལ་དེ་འདྲ་འཕྲད་ཀྱིན་འདུག་ན། ངས་གཅིག་མ་བྱས་ན་མི་འགྲིག་པ་ཞིག་འདུག་ན། ངོས་འདིར་ཡོད་ཡོད་པ་རེད། དེ་ནི་ངོས་ཀྱིས་བློས་བཏང་བ་ཞིག་མ་རེད། ངོས་སེམས་ཤུགས་ཆགས་ནས་གཡུག་པ་ཞིག་མ་རེད།
དགོས་པ་དང་རྒྱུ་མཚན་ཆེན་པོ་ཞིག་མཐོང་ནས། ད་ལྟ་ང་ཚོ་མང་གཙོའི་ཐོག་ནས་ཕྱིན་པ་དེས་འགན་ཆ་ཚང་འཁྱོག་གི་རེད་ལ། འགན་ཆ་ཚང་འཁྱེར་རོགས་བྱོས་ཟེར་བ་དེ་རེད། དེར་ཁྱེད་རང་ཚོས་བློ་གཡེང་རྩ་བ་ནས་མ་བྱེད། དེ་རིང་འདིར་ཁྱེད་རང་ཚོ་དངོས་སུ་ཡོད་མཁན་དེ་ཚོ་ཡིན་ན་རེད། དེ་བཞིན་བོད་གངས་ཅན་གྱི་ལྗོངས་སུ་ཡོད་མཁན་ཡིན་ན་རེད། བློ་གཡེང་བྱས་དགོས་པ་རྩ་བ་ཉིད་ནས་མེད། ཚང་མ་བློ་བདེ་པོ་བྱོས། གནས་སྐབས་མཐར་ཐུག་གི་དགོས་པ་རྒྱུ་མཚན་མང་པོ་ཞིག་གི་ཐོག་ནས་ལོ་ནས་ལོ་སྦྲེལ་ནས་བསམ་བློ་བཏང་ནས་ཐག་བཅད་པ་ཞིག་ཡིན། དེས་བོད་བསྟན་སྲིད་སྤྱི་ལ་ཡུན་རིང་པོ་ཞིག་ལ་ཕན་ཐོགས་རྒྱུ་ཞིག་ཆགས་བསྡད་ཡོད། བློ་གཡེང་རྩ་བ་ནས་མ་བྱེད།
ཡང་དགའ་ལྡན་ཕོ་བྲང་བསྡུ་གསོག་བརྒྱབ་པ་ཞིག་མ་རེད། དགའ་ལྡན་ཕོ་བྲང་དེ་ངོས་རང་གི་བླ་བྲང་དེ་ཆགས་བསྡད་ཡོད་པ་རེད། ངོས་བསྡད་པའི་རིང་བླ་བྲང་ཆུང་ཆུང་ཞིག་དགོས་ཀྱི་ཡོད་པ་རེད། དེར་བརྟེན་དགའ་ལྡན་ཕོ་བྲང་མུ་མཐུད་ནས་གནས་ཀྱི་རེད། དགའ་ལྡན་ཕོ་བྲང་གི་ཆབ་སྲིད་ཀྱི་འགན་དབང་དེ་བཞག་པ་རེད་མ་གཏོགས། དགའ་ལྡན་ཕོ་བྲང་བསྡད་ཡོད་པ་རེད། ད་ལྟ་བྲེལ་བ་ཡོད་པ་མ་རེད། ལོ་༢༠དང་༣༠ཙམ་གྱི་རྗེས་ནས་ངོས་ཀྱི་མི་ཚེའི་མཐར་སླེབས་པ་ཡིན་ན། དེའི་ཚོད་དེའི་དུས་བོད་པ་གཙོ་བོར་གྱུར་པའི་༧རྒྱལ་དབང་དང་དམིགས་བསལ་འབྲེལ་བ་ཡོད་བསྡད་པའི་ནང་པའི་ཡུལ་སྡེ་ཁག་ཚོས་༧རྒྱལ་དབང་མུ་མཐུད་ནས་དགོས་ཀྱི་འདུག་ལབ་པ་ཡིན་ན། དགའ་ལྡན་ཕོ་བྲང་བསྡད་ཡོད་པ་རེད། མུ་མཐུད་ནས་༧རྒྱལ་དབང་སྐུ་ཕྲེང་༡༥པ་དང་༡༦པ་༡༧པ་ཟེར་ནས་མུ་མཐུད་ནས་ཡོང་ཐུབ་ཀྱི་རེད་ཤེས་སོང་ངམ། དེ་ཧ་ཅང་བརྟན་པོ་ཆགས་པ་རེད།
ཆབ་སྲིད་ཟེར་བ་དེ་འཕོ་འགྱུར་ཡོང་གི་རེད། དགའ་ལྡན་ཕོ་བྲང་༧རྒྱལ་དབང་༢པ་དང་༣པ་༤པ་ནང་བཞིན་ཆོས་ཕྱོགས་ནས་དབུ་ཁྲིད་རྒྱུ་གཙང་མ་ཞིག་ཆགས་པ་ཡིན་ན། དེར་དགེ་མཚན་ཆེན་པོ་ཡོད་པ་རེད། ཁ་ཉིན་ངས་སྤྱི་འཐུས་ལ་མར་སྤྲད་པའི་ཡི་གེ་དེའི་ནང་དགའ་ལྡན་ཕོ་བྲང་ཟེར་བའི་དགའ་ལྡན་ཕོ་བྲང་གི་གཞུང་ཟེར་བའི་ཚིག་དེ་བསྒྱུར་བཅོས་གཏོང་དགོས་པ་ཞིག་ཆགས་ཀྱི་རེད་ཟེར་བ་དེ། དགའ་ལྡན་ཕོ་བྲང་བསྡུ་གསོག་རྒྱག་རྒྱུའི་སྐད་ཆ་ཞིག་མིན། དགའ་ལྡན་ཕོ་བྲང་གིས་ཆབ་སྲིད་ཀྱི་འགན་དབང་དང༌། དགའ་ལྡན་ཕོ་བྲང་གི་གཞུང་ཟེར་ན། དགའ་ལྡན་ཕོ་བྲང་གི་ཆབ་སྲིད་ཀྱི་སྒྲིག་འཛུགས་གཞུང་ཟེར་ན་འགྲིག་གི་མ་རེད། དེ་ཕར་བསྡུ་གསོག་རྒྱག་རྒྱུ་དང༌། ད་ལྟ་ང་ཚོ་མང་གཙོའི་གཞུང་ཆགས་བསྡད་ཡོད་པ་རེད།
དངོས་གནས་བྱས་ན་བོད་ནང་དུ་ཡོད་པའི་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཚོས་བསམ་བློ་ཏོག་ཙམ་གཏོང་དགོས་པ་ཞིག་ཡོད་པ་རེད། ང་ཚོ་འདིར་བཙན་བྱོལ་ལ་ཡོད་པའི་ཡུལ་གྱར་བྱས་ནས་བསྡད་ཡོད་པ་རེད་དེ། ཁ་ཡོད་ལག་ཡོད་མཚན་ཉིད་ཚང་བ་ཞིག་འོས་བསྡུ་བྱས་ནས་འགྲོ་བསྡད་བཞིན་ཡོད་པ་རེད། ཡང་དག་པ་ཞིག་ཡིན་ན་སྔོན་ལ་རྒྱ་ནག་དབུས་ག་རེ་ཡིན་རུང་མིན་རུང༌།
བོད་ནང་དུ་མང་གཙོའི་ཐོག་ནས་འོས་བསྡུ་བྱས་ནས་འགོ་ཁྲིད་ཅིག་བཀོད་དང༌། ཧ་ཅང་ཡག་པོ་ཡོང་གི་རེད། ཤེས་སོང་ཨ། དེར་བརྟེན་དེ་རིང་ང་ཚོས་འདིར་ཆབ་སྲིད་ཐོག་འགྱུར་བ་མང་པོ་ཞིག་བཏང་བ་དེ་རྒྱུ་མཚན་དང་ལྡན་པ་ཞིག་ཡིན། འཕྲལ་ཕུགས་ཀུན་ལ་ཕན་ཐོགས་པ་ཞིག རྡོག་དོན་སྙིང་པོ་ང་ཚོའི་སྒྲིག་འཛུགས་སྲ་བརྟན་གོང་ནས་གོང་དུ་འཕེལ་ཆེད་ཅིག་ཡིན་བློ་དོགས་རྩ་བ་ནས་གནང་མི་དགོས་ཞེས་བཀའ་གནང་སོང༌།
ཆོ་འཕྲུལ་སྨོན་ལམ་ཆེན་མོ་ནི། རབ་བྱུང་བདུན་པའི་ས་གླང་༼ཕྱི་ལོ་༡༤༠༩༽ལོར་རྗེ་ཙོང་ཁ་ཆེན་པོས་ཆོ་འཕྲུལ་དུས་ ཆེན་དང་སྟབས་བསྟུན་ཏེ་བོད་ཟླ་ ༡ པོའི་ཚེས་ ༣ ནས་ཚེས་ ༡༥ བར་ལྷ་ལྡན་དུ་གདན་ས་ཆེན་མོ་སེར་འབྲས་དགེ་གསུམ་གྱིས་གཙོས་པའི་དགེ་འདུན་པ་ཁྲི་ གཉིས་ནས་གསུམ་བར་འཛོམས་ནས་སྨོན་ལམ་ཆེན་མོ་ཚོགས་པའི་སྲོལ་བཏོད་ཡོད་པ་རེད། དེ་རྗེས་སྲིད་གཞུང་འཕོ་འགྱུར་གྱིས་རྐྱེན་པས་སྨོན་ལམ་ལ་འགྱུར་བ་ཕྲན་བུ་བྱུང་ཡང་རྗེས་སུ་༧རྒྱལ་བ་དགེ་འདུན་རྒྱ་མཚོ་ནས་རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱིས་སྨོན་ལམ་གཙོ་སྐྱོང་གནང་ནས་སྨོན་ལམ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། དེ་རྗེས་སྨོན་ལམ་ཚོགས་ཡུན་རིང་དུ་བཏང་ནས་བོད་ཟླ་ ༡ པོའི་ཚེས་ ༣ ནས་ཚེས་ ༢༤ ལ་གཏོར་རྒྱག་དང་ཚེས་ ༢༥ ལ་བྱམས་པ་གདན་འདྲེན་སོགས་བྱེད་སྲོལ་ཡོད་པ་ཞིག་རེད་འདུག ཆོ་འཕྲུལ་དུས་ཆེན་ནམ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ནི་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་སངས་རྒྱས་ནས་མི་ལོ་བདུན་གྱི་རྗེས་སུ། རྒྱ་གར་གྱི་གྲོང་ཁྱེར་ཆེན་པོ་གཉན་ཡོད་དུ་མུ་སྟེགས་པའི་སྟོན་པ་རྫོགས་བྱེད་དང༌། གནག་ལྷས་སྐྱེས། རྒྱལ་བ་ཅན། གཉེན་གྱི་བུ། ནོག་ཅན། སྐྲའི་ལ་ཅན་སོགས་ལ་ཕྱི་ལོ་སྔོན་གྱི་ལོ་ ༥༡༡ ལོའི་ཟླ་བ་ ༡ པོའི་ཚེས་ ༡ ནས་ ༡༥ བར་རྫུ་འཕྲུལ་འགྲན་ནས་ཚེས་ ༡༥ ཉིན་མུ་སྟེགས་པའི་སྟོན་པ་དྲུག་པོ་འཁོར་དང་བཅས་པ་ཚར་བཅད་དེ་ཕམ་པ་མཛད་པའི་དུས་ཆེན་ཞིག་ཡིན།དུས་ཆེན་འདི་ནི་ལོ་ལྟར་ཕལ་ཆེར་ནང་པ་ཡོངས་རྫོགས་ཀྱིས་སྲུང་བརྩི་བྱེད་སྲོལ་ཡོད་པའི་སྟོན་པའི་དུས་ཆེན་ཁྱད་པ་ཅན་ཞིག་ཡིན་པ་རེད། གཞན་ཡང་དུས་ཆེན་འདིའི་ཉིན། བཅོ་ལྔ་མཆོད་པ་དང༌། རྗེས་བཙུན་བྱམས་མགོན་གདན་འདྲེན། སྨོན་ལམ་གཏོར་རྒྱ་སོགས་ཀྱང་བྱེད་སྲོལ་ཡོད་པ་ཞིག་རེད་འདུག

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 6 སྡོམས་རོགས།