འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་བོད་དོན་སྙན་སེང་ཞུས་པ།

ཕྱི་ལོ་༢༠༡༡ཟླ་༣ཚེས་༡༦ཉིན། ད་ལྟར་ཚོགས་བཞིན་པའི་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སྐབས་༡༦པའི་གྲོས་ཚོགས་ཚང་འཛོམས་ཐོག ལོག་པར་སྤྱོད་བཞིན་པའི་རྒྱ་ནག་གཞུང་གི་སྲིད་བྱུས་འོག བོད་ནང་དུ་བོད་མི་ཚོར་དཀའ་སྡུག་ཚད་མེད་མྱོང་བཞིན་པའི་སྐོར་སྙན་སེང་ཞུས་ཡོད་འདུག དེ་ཡང་སྤྱི་ཚོགས་ཉེན་ཚབ་ཅན་དུ་འགྱུར་བཞིན་པའི་སྐུ་ཚབ་སྐུ་ཞབས་བསྟན་འཛིན་བསམ་འཕེལ་ལགས་ཀྱིས། དེ་རིང་གསལ་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང༌། རྒྱ་ནག་གི་སྲིད་བྱུས་འོག བོད་ནང་དུ་སྲོལ་རྒྱུན་གྱི་འབྲོག་པ་རྣམས་ཀྱི་འཚོ་བའི་གནས་སྟངས་ཐེ་བའི་ད་ལྟའི་ཆར་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཛ་དྲག་དང་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་རེད།
བོད་ནང་དུ་བོད་མི་ཚོས་༼ལོག་པར་སྤྱོད་པའི་རྒྱ་ནག་གཞུང་གི་སྲིད་བྱུས་དེར་ཞི་བའི་ངོ་རྒལ་བྱས་པར་༽རྒྱ་ནག་གཞུང་གི་ཉེན་རྟོག་མི་སྣའི་ཉེས་རྡུང་དང་མནར་གཅོད་ཀྱིས། བོད་མི་རྣམས་དཀའ་སྡུག་ཚད་མེད་མྱོང་བཞིན་ཡོད། མ་ཚད་རྒྱ་ནག་གཞུང་གིས་དྲག་གནོན་འོག བོད་མི་མང་པོ་བསད་རྨས་དང༌། འཛིན་བཟུང༌། བཙོན་འཇུག་བྱས་དང་བྱེད་བཞིན་པའི་གནས་ཚུལ་ཐོན་ཡོད།
མ་ཚད་བོད་མི་ཚོར། རྒྱ་ནག་གཞུང་གིས་བོད་མིའི་ཆོས་ཀྱི་དབུ་ཁྲིད་དང༌། འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ། ཁོར་ཡུག་སྲུང་སྐྱོབ་པ། རྩོམ་པ་པོ། སྒྱུར་རྩལ་བ་ལ་སོགས་པར་དམིགས་བསལ་དོ་དམ་བྱེད་བཞིན་པའི་དཀའ་ངལ་ཞིག་འཕྲད་བཞིན་ཡོད། ཕྱི་ལོ་༢༠༠༨ལོར་བོད་མི་རྣམས་ཀྱིས་ཞི་བའི་ངོ་རྒོལ་བྱས་པ་ནས་བཟུང༌། རྒྱ་ནག་གཞུང་གི་བོད་མི་༢སྲོག་ཐོག་བཏང་ཡོད་པས་མ་ཚད། བོད་མི་ཆབ་སྲིད་བཙོན་པ་༥ལ་ལོ་གཉིས་སྲོག་ཐོག་གི་ཁྲིམས་ཆད་བཅད་ཡོད། བོད་མི་ཁག་ཅིག་གིས་གནས་ཚུལ་འགྲེལ་བརྗོད་བྱས་པར་ལྟར་ན། ཕྱི་ལོ་༢༠༡༠ལོའི་ཟླ་༡༢ཚེས་༣༠ཉིན་བོད་ནང་དུ་ཁྱོན་བོད་མི་ཆབ་སྲིད་བཙོན་པ་༨༣༡ཙམ་རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་ཡོད་པ་དང༌། དེ་དག་ནང་མི་གྲངས་༣༦༠ཙམ་ལ་ཉེས་འཛུགས་ཁྲིམས་ཆད་བཅད་ཟིན་པའི་ནང་། བོད་མི་༡༢ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད། ཕྱི་ལོ་༢༠༡༠ལོར་ཁྱོན་བོད་མི་༡༨༨ཙམ་འཛིན་བཟུང་བཙོན་འཇུག་བྱས་པའི་གནས་ཚུལ་ཤེས་རྟོག་བྱུང་བའི་ནང༌། བོད་མི་༧༡ལ་རྒྱ་གཞུང་ཁྲིམས་ཁང་ནས་ཁྲིམས་ཐག་བཅད་ཟིན་ཡོད་པའི་གནས་ཚུལ་ཐོན་ཡོད་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད། ཡང་ཁོང་གིས་ཕྱི་ལོ་༢༠༠༧ལོའི་ཟླ་༧པའི་ཚེས་༡༨ཉིན་རྒྱ་ནག་གི་རྒྱལ་ཁབ་ཆོས་ལུགས་ཅུས་ཟེར་བས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དོ་དམ་བྱེད་ཐབས་ཟེར་བའི་དོན་ཚན་ ༤ ཅན་ཞིག་གསལ་བསྒྲགས་བྱས་པ་དེར་བོད་མི་རྣམས་ཀྱིས་ངོས་ལེན་རྩ་བ་ནས་ཡོད་པ་མ་རེད།
མ་ཚད་དེ་སྔོན་ཕྱི་ལོ་༢༠༡༠ཟླ་༡༠ཚེས་༢༧ཉིན། བོད་གཞུང་ཆོས་རིགས་ལས་ཁུངས་ནས་ཀྱང་། བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་ཐུན་མོངས་ནས་དེ་སྔོན་རྒྱ་ནག་གཞུང་གིས་བཟོས་པའི་༼བོད་བརྒྱུད་ནང་བསྟན་གྱི་དགོན་པའི་དོ་དམ་བྱེད་ཐབས༽ཟེར་བ་དེར་ངོས་ལེན་རྩ་བ་ནས་མེད་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཡོད་ཅེས་ཐེངས་འདིར་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་འགྲེལ་བརྗོད་བྱས་ཡོད་འདུག

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 3 སྡོམས་རོགས།