ད་ལྟའི་བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༢ཚེས་༡༩ཉིན། ཟླ་འདིའི་ཕྱི་ཚེས་༡༧ཉིན། འཇར་མན་གྱི་རྒྱལ་ས་བྷལ་ལེན་དུ་གསར་འགོད་ལྷན་ཚོགས་ཤིག་གི་ཐོག བཀའ་བློན་ཁྲི་པ་མཆོག་གིས་ ༢༠༠༨ནས་བཟུང་རྒྱ་གཞུང་གིས་བོད་ནང་དུ་དྲག་གནོན་བྱེད་རྒྱུ་མཚམས་འཇོག་བྱས་མེད་པའི་སྐོར་དང་ད་ལྟའི་བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་ཅན་དུ་གནས་ཡོད་ལུགས་འགྲེལ་བརྗོད་གནང་ཡོད་འདུག
དེ་ཡང་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ང་ཚོས་མུ་མཐུད་དུ་རྒྱ་ནག་གི་མགོ་ཁྲིད་ཚོ་དང་ལྷན་དུ་འབྲེལ་མོལ་བྱ་རྒྱུར་འདོད་མོས་བྱེད་བཞིན་ཡོད་ལ། ང་ཚོར་མཚོན་ནས་བཤད་ན། འཚེ་བ་མེད་པའི་ཐབས་ལམ་ནི་སྲིད་བྱུས་ཙམ་མ་ཡིན་པར་ང་ཚོའི་རྩ་དོན་ཞིག་དང་ཡིད་ཆེས་ཤིག་ཡིན། ༢༠༠༨ལོའི་ཞི་རྒོལ་ཆེན་མོ་བྱུང་བ་ནས་བཟུང་བོད་ནང་དུ་ཤེས་ཡོན་པ་དང་གསར་འགོད་པ། རྩོམ་པ་པོ། རང་བྱུང་འཁོར་ཡུག་སྲུང་སྐྱོབ་པ་སོགས་ཚང་མ་འཛིན་བཟུང་དང་རྡུང་རྡེག་ཡ་ང་བ་བྱས་ཡོད་ལ། ད་ལྟའང་མུ་མཐུད་ནས་བོད་རིགས་དང་གྲངས་ཉུང་མི་རིགས་རྣམས་ཀྱིས་འཇིགས་སྐྲག་གི་ཁྲོད་དུ་འཚོ་བ་སྐྱེལ་བཞིན་ཡོད། བཀའ་ཁྲི་མཆོག་གིས་བོད་མི་གཞོན་སྐྱེས་ཚོར་བསྔགས་བརྗོད་གནང་དོན། བོད་རིགས་གཞོན་སྐྱེས་དེ་ཚོར་ཆོད་སེམས་དང་བཟོད་སྒོམ་ཧ་ལས་པ་འདུག ཁོང་ཚོའི་ནང་དུ་དྲག་པོའི་བྱ་སྤྱོད་སྤེལ་མཁན་བརྒྱ་ཆ་ཉུང་ཤས་ཤིག་ལས་མི་འདུག་ཅེས་དང༌། ཡང་ཁོང་གིས་༧གོང་ས་མཆོག་གི་བགྲེས་ཡོལ་གྱི་སྐོར་གསུངས་རྒྱུར། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་སྲིད་ཀྱི་འགན་དབང་མ་བཞེས་པའི་ཉིན་མོར་བོད་མི་སོ་སོས་རང་མགོ་རང་ཐོན་གྱིས༌ཚོགས་པ་སྒྲིག་འཛུགས་ཁག་སྟངས་འཛིན་བྱེད་ཐུབ་དགོས་ཀྱི་ཡོད་པ་དང༌། སྔ་ཕྱི་མ་གཏོགས་དེ་འདྲའི་གནས་ཚུལ་ཞིག་ལ་འཕྲད་རྒྱུ་ཡིན་པ་ཤེས་དགོས་ཀྱི་དེ་གལ་ཆེན་པོ་རེད། མགོན་པོ་གང་ཉིད་ཀྱིས་གང་མགྱོགས་ཀྱིས་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་འགན་དབང་ལས་བགྲེལ་ཡོལ་ཞུ་རྒྱུ་ཡིན་ལ། ཕྱི་ཟླ་༣པའི་ནང་བོད་མི་མང་སྤྱི་འཐུས་གྲོས་ཚོགས་སྐབས་བཀའ་ཁྲོལ་ཞུ་རྒྱུ་ཡིན། སྐབས་དེར་གྲོས་ཚོགས་ནས་གནད་དོན་དེའི་ཐད་གྲོས་བསྡུར་དང་བགྲོ་གླེང་གནང་གི་རེད་ ཅེས་བཀའ་གནང་ཡོད་ཀྱང༌། དེའི་ཐད་མི་མང་གིས་སྙན་ཞུ་བརྒྱ་ཕྲག་མང་པོ་ཕུལ་ཡོད་པ་དང༌། འདི་ལོའི་ཕྱི་ཟླ་དང་པོའི་ནང་བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་ཀྱང་༧མགོན་པོ་གང་གིས་བགྲེས་ཡོལ་སྐོར་དགོངས་བཞེས་ནམ་ཡང་མི་མཛད་པར་མུ་ མཐུད་ནས་བོད་མི་མང་གི་དབུ་ཁྲིད་གནང་རོགས་ཞེས་སྙན་ཞུ་ཕུལ་ཡོད་པ་རེད་ཅེས་གསུངས་འདུག
ཡང་ཁོང་གིས་མུ་མཐུད་ནས། གོང་གསལ་གནད་དོན་དེའི་ཐད་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་བགྲོ་གླེང་ཤུགས་ཆེར་བྱུང་ཡོད་པ་དང༌། ང་རང་བོད་མི་མང་གིས་ཐད་ཀར་འདེམས་བསྐོ་བྱས་པའི་བཀའ་བློན་ཞིག་ཡིན་པའི་ཆ་ནས་ བོད་མི་མང་གི་མངོན་འདོད་དང་རེ་འདུན་གྱི་ཐོག་ནས་སྐད་ཆ་བཤད་དགོས་ཀྱི་ཡོད་ལ། བོད་གཞུང་བཀའ་ཤག་གི་དབུ་ཁྲིད་ཅིག་ཡིན་པའི་ཆ་ནས་ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཚབ་ཞུས་ནས་ཀྱང་སྐད་ཆ་བཤད་དགོས་ཀྱི་ཡོད་པ་རེད། ཕྱི་ལོ་༡༦༤༢ལོར་༧རྒྱལ་བ་སྐུ་ཕྲེང་༥པས་བོད་གཞུང་དགའ་ལྡན་ཕོ་བྲང་གི་དབུ་ཁྲིད་གནང་བ་ནས་བཟུང༌། སྐུ་ཕྲེང་རིམ་བྱོན་གྱིས་བོད་མི་མང་གི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཅིག་ཆགས་པ་ཡིན་དུས། ཁོང་དང་བོད་མི་རིགས་དབར་ཐུན་མོང་མ་ཡིན་པའི་འབྲེལ་བ་ཞིག་ཆགས་བསྡད་ཡོད་པ་རེད་ཅེས་གསུངས་འདུག འཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པ་ནི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སོགས་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་ལ། ཕྱི་ལོ་༡༩༨༩ལོར་གསར་དུ་བཙུགས་པ་དང༌། ད་ལྟ་ས་གནས་མི་འདྲ་བ་༦༠ཙམ་གྱི་ནང་དུ་ཚོགས་མི་༢༠༠༠ལྷག་ཡོད་འདུག ཚོགས་པ་དེའི་ཚོགས་གཙོ་ཝོལ་གྷང་གྷེ་ཌེར་ལགས་ཀྱིས་ང་ཚོ་ཆབ་སྲིད་པ་ཚོའི་ངོས་ནས་བཙན་བྱོལ་བོད་གཞུང་ང་གི་བཀའ་བློན་ཁྲི་པ་འོས་འདེམས་གནང་རྒྱུར་ནུས་ཤུགས་ཆེར་སྐྱེད་ཀྱིས་རྒྱབ་སྐྱོར་བྱེད་ངེས་ཡིན་ཞེས་བརྗོད་འདུག

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 6 སྡོམས་རོགས།