སྐུའི་ཚ་བོ་འཇིགས་མེད་ནོར་བུ་ལགས་འདས་གྲོངས་སུ་སོང་བ།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༡ཟླ་༢ཚེས་༡༥ཉིན། ཕྱི་ཚེས་༡༤ཉིན་གྱི་དགོང་མོར། སྐུའི་ཚ་བོ་འཇིགས་མེད་ནོར་བུ་ལགས་ཨ་རིའི་ཧྥུ་ལོ་རའི་ཌཱ་མངའ་སྡེའི་ནང་དུ་བོད་དོན་ཞི་བའི་གོམ་བགྲོད་ཀྱི་སྐབས་སུ་རླངས་འཁོར་ཞིག་གིས་བརྒྱབ་ནས་འདས་གྲོངས་སུ་སོང་ཡོད་འདུག
ཉེན་རྟོག་པ་ཞིག་གིས་གསར་འགོད་པར་འགྲེལ་བརྗོད་བྱས་པ་ལྟར་ན། ཁོང་གཞུང་ལམ་གྱི་དཀར་ཐིག་ཐོག་གམ་དཀར་ཐིག་གི་ཉེ་འགྲམ་དུ་སྐྱོད་སྐབས་རླངས་འཁོར་ཞིག་གིས་བརྒྱབ་སོང་ཞེས་དང༌། རེས་གཟའ་ཟླ་བའི་དགོང་མོར། ད་དུང་གནས་ཚུལ་གྱི་བྱུང་རྐྱེན་གསལ་བོ་མ་ཤེས་པར་བརྟག་ཞིབ་བྱེད་བཞིན་ཡོད་ཚུལ་སོགས་བརྗོད་ཡོད་འདུག བོད་དོན་ལས་འགུལ་བ་འཇིགས་མེད་ནོར་བུ་ལགས་ད་ལྟ་དགུང་ལོ་༤༥ཡིན་ལ། ཕྲུ་གུ་གསུམ་ཡོད་འདུག ༢༠༡༠ལོའི་ཟླ་༡༢ནང་དུ་ཁོང་གིས་བོད་དོན་ལས་འགུལ་བ་ཚོའི་སྣེ་ཁྲིད་དེ་ཐའེ་ཝན་དུ་ལེ་བར་༢༥༠ཙམ་ལ་ཞི་བའི་གོམ་བགྲོད་གནང་ཡོད་པ་དང༌།
དེ་རྗེས་ཧིན་དྷུ་ནཱ་ཕོ་ལའི་སུ་ནས་ཊོ་རིན་ཊོ་བར་དུ་ལེ་བར་༥༥༧ལྷག་ལ་ཞི་བའི་གོམ་བགྲོད་གནང་ཡོད་པ་སོགས་ཁྱོན་ལེ་བར་༧༨༠༠ལྷག་ལ་བོད་དོན་དྲིལ་བསྒྲགས་ཀྱི་གོམ་བགྲོད་གནང་ཡོད་འདུག ཕྱི་ཚེས་༡༣ཉིན་ཁོང་ཧིན་དྷུ་ནཱ་ཕོ་ལའི་སུ་ནས་མཁའ་ལམ་བརྒྱུད་དེ་ཇཱ་ཁུ་སོན་ཝིལ་ལེ་རུ་འབྱོར་ཡོད་པ་དང༌། ཉིན་ཤས་སྔོན་དུ་ཁོང་གིས་དྲ་ཚིགས་སུ།ཕྱི་ཚེས་༡༤ཉིན་ང་ཚོ་ལེ་བར་༣༠༠ལྷག་ལ་གོམ་བགྲོད་བྱ་རྒྱུ་ཡིན་ལ། སྐབས་དེར་ང་ཚོས་འཛམ་གླིང་ཞི་བདེ་དང་འགྲོ་བ་མིའི་ཐོབ་ཐང༌། བོད་དོན་སོགས་མི་མང་ལ་དྲིལ་བསྒྲགས་བྱེད་པའི་གོ་སྐབས་མང་པོ་ཡོད་ཅེས་སོགས་བཀོད་ཡོད་འདུག

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 4 སྡོམས་རོགས།