ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡༧ ཉིན་དྭང་བླང་ཞབས་ཞུ་བར་དམིགས་བསལ་གཟབ་སྦྱོང་ཕུལ་བ།

༄༅། །ཨོཾ་སྭཱ་སྟི། །རྒྱལ་བ་ཀུན་གྱི་བརྩེ་ཆེན་ཡེ་ཤེས་སྐུ། །གཅིག་ཏུ་བསྡུས་པ་གངས་རི་ལྟར་དཀར་བ། །འཕགས་མཆོག་འཇིག་རྟེན་དབང་ཕྱུག་སྤྲུལ་པའི་སྐུ། །ཁམས་གསུམ་འགྲོ་བའི་བླ་མ་རྒྱལ་གྱུར་ཅིག །སྲིད་པ་གསུམ་ན་ངོ་མཚར་ཟླ་མེད་པ། །ཨུ་དུམ་ཝ་ར་ལྟར་འཕཊ་ཐམས་ཅད་མཁྱེན། །འཛམ་གླིང་བསྟན་འགྲོ་ཡོངས་ཀྱི་གཙུག་ནོར་ཆེ། །རྒྱལ་མཆོག་ཕྱག་ན་པདྨོ་ཞབས་བརྟན་གསོལ།

དེ་ཡང་། ཕྱི་ལོ་ ༢༠༡༥ ཕྱི་ཟླ་ ༢ ཚེས་ ༦ ནས་ཇི་ལྟར་སུད་སི་དང་། ལིཀ་ཏེན་སིཊཡན་བོད་རིགས་མི་མང་ནས་གསོལ་འདེབས་ཕུར་ཚུགས་སུ་བཏབ་པ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་སུད་སི་གྲོང་ཁྱེར་སྦ་སལ་དུ་༸ཞབས་སོར་བཀྲིན་ཆེ་ཐོག་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་ཀྱི་འགྲེལ་པ་དང། དགེ་བཤེས་གླང་རི་ཐང་པ་རྡོ་རྗེ་སེངྒེས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མ།  དེ་བཞིན་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་སྩལ་རྒྱུ་བཅས་ཀྱི་གྲ་སྒྲིག་འཐུས་ཚང་ཡོང་སླད་ད་རིང་ཕྱི་ཚེས་ ༡༧ ཉིན་དྭང་བླང་ཞབས་ཞུ་མི་གྲངས་ ༣༠༠ བརྒྱར་ཉེ་བ་ཞིག་གསུང་ཆོས་གནང་ཡུལ་ཚོམ་ཆེན་དུ་དམིགས་བསལ་ཆེད་སྐོང་དང་བཅས་གཟབ་སྦྱོང་ཞིག་གོ་སྒྲིག་གནང་འདུག  ཉིན་དེར་ཞོགས་པ་ཚོུད་ ༡༠ པ་ནས་དྭང་ཞབས་རྣམས་རིམ་འབྱོར་བྱུང་ཞིང་།   ཚོུད་ ༡༡  ཐོག་ལས་རིམ་དངོས་གཞི་འགོ་འཛུགས་གནང་སོང།

དྭང་བླང་ཞབས་ཞུ་བའི་འགན་འཛིན་བརྡ་སྐྱེལ་དགེ་ལེགས་ལགས་ནས་འཚམས་ཞུ་དང་འབྲེལ་དགོས་དམིགས་ཇི་ཡིན་གསལ་བཤད་གནང་།  ཕྱག་སྦྲེལ་གང་གཞོན་ཚང་ཕུན་ཚོགས་ལགས་ནས་དབྱིན་འཇར་ཐོག་བསྒྱུར།  ཚོགས་གཙོ་གང་གཞོན་ཚང་བློ་བཟང་ལགས་ནས་སྐབས་བཅོ་ལྔ་པའི་འཐུས་ཚོགས་ནས་ལས་འཁུར་ཞུས་མ་ཐག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞབས་སོར་བཀྲིན་དང་བཅས་གསུང་ཆོས་སོགས་གང་དགེ་ཞིག་སྐྱབས་འཇུག་བཀྲིན་ཆེ་བའི་གསོལ་འདེབས་ཞུས་པར་སྐུའི་མཛད་འཕྲིན་སོགས་ཀྱིས་ཞལ་བཞེས་ཐོབ་མེད།  ཕྱི་ལོ་ ༢༠༡༤  ཕྱི་ཟླ་ ༧  ནང་སྐབས་དེའི་དོན་གཅོད་ཆོས་སྐྱབས་པ་ཚེ་བརྟན་ལགས་ནས་ཕྱི་ལོ་ ༢༠༡༥  ཕྱི་ཟླ་ ༢  ཚེས་  ༦  ནས་ཉིན་གཉིས་མཛད་ཁོམ་དང་སྟབས་བསྟུན་གོ་སྒྲིག་ཐུབ་མིན་དུས་ཚོད་ཐུང་ངུ་ཞིག་ནང་གྲོས་ཆོད་གཏན་འབེབས་དང་བཅས༸སྙན་སེང་ཞུ་ཇི་ཕེབས་ལྟར་ཐོག་མར་འཐུས་ཚོགས་ནས་དགའ་དད་སྤྲོ་གསུམ་གྱི་ངང་སྤྱི་མོས་བྱུང་ཞིང་།  ཚོགས་ཁང་ཐབས་འཚོལ་ཐུབ་མིན་སེམས་ངལ་ཅི་ཆེར་མཚན་གཉིས་གཉིད་ཁུག་མ་ཐུབ་པ་བཅས་བྱུང་ཡང་།  ད་ཆ་སྦ་སལ་ཚོགས་ཁང་འདི་བཞིན་ཐབས་འཚོལ་ཐུབ་པ་བཅས་སྐལ་བཟང་གོ་སྐབས་འདི་བཞིན་ཐོབ་པ་སོགས་བྱུང་རིམ་ངོ་སྤྲོད་གནང་།  ང་ཚོས་བདུན་གསུམ་ཙམ་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞལ་མཇལ་གསུང་ཐོས་ཀྱི་སྐལ་བཟང་གོ་སྐབས་འཐོབ་རྒྱུ་བཅས་ལ་སོང་རང་ནུས་གང་ཡོད་འདོན་ཐབས་དགོས་པ་སོགས་ཞེན་བསྐུལ་ནན་གཟབ་གནང་།  མཚམས་འདིར་ཉིན་གུང་གསོལ་ཚིགས་སྟབས་བདེ་ཞིག་གོ་སྒྲིག་གནང་འདུག་ལ།  དེ་ནས་གཟབ་སྦྲོང་དང་།  ཚོགས་ཁང་ཕྱི་ནང་བལྟ་བསྐོར་སོགས་རང་རང་ལས་གནས་དང་འབྲེལ་བའི་གསལ་བཤད་དྭོགས་འདྲི་སོགས་ཧ་ཅང་ཡག་པོ་བྱུང་སོང་།  རྩ་བའི་གོ་སྒྲིག་ཚོགས་ཆུང་ཟུར་ཡོད་ནས་གོ་སྒྲིག་ཚ་ཚ་འུར་འུར་ངང་གནང་ཞིང་ཡོད་ནའང།  དྭང་བླང་ཞབས་ཞུ་བ་བསྡུ་སྐོང་གིས་རང་རང་ལས་དོན་འཐུས་ཤོར་མེད་པ་ཡོང་སླད་གཞི་རྒྱ་ཆེ་བའི་གཟབ་སྦྱོང་འདི་ལྟ་བུ་གོ་སྒྲིག་ཞུ་ཐུབ་པ་དགེ་མཚན་ཆེན་པོ་བྱུང་སོང་བ་མ་ཟད།  ཆ་ཤས་ལེན་མི་མང་ཆེ་བ་ན་གཞོན་དེང་དུས་ཀྱི་སྐད་ཡིག་གནས་ཚད་ཡོད་པ་རྣམས་ནས་ཀྱང་དོ་སྣང་དང་དགའ་འཚོར་བྱུང་བའི་རྣམ་པ་མངོན་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ་སྒོ་སྤེ་ཡོན་ཏན་གྱིས།

འདྲ་པར

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 9 སྡོམས་རོགས།