༄༅ ། །ཆོས་བརྡ་གསལ་བསྒྲགས། ༸རྗེ་བཙུན་མར་མིའི་འདས་མཆོད།

༄༅། །བཀའ་བརྒྱུད་རིན་པོ་ཆེ་ལ་སྒོ་གསུམ་རབ་ཏུ་གུས་པས་ཕྱག་འཚལ་ལོ། །ཅེས་མཆོད་པར་བརྗོད་པ་སྔོན་དུ་བཏང་ནས། སྒྲུབ་བརྒྱུད་ཀྱི་བསྟན་པ་རིན་པོ་འདི་ཉིད་ལ་ཤེས་ཤིང་དད་པ་ཐོབ་པ་དཔལ་དགས་པོ་བཀའ་བརྒྱུད་པའི་རིང་སྲོལ་འཛིན་པ་རྣམས་དང་།  གཞན་ཡང་ཆོས་གྲོགས་ཕོ་མོ་རྣམ་པ་ལྷན་རྒྱས་ཀྱི་དྲུང་དུ།གུས་པའི་ཞུ་གསོལ་འདེབས་སྙིང། བདག་ཅག་རྣམས་ཀྱི་བསོད་ནམས་ཀྱི་བསྒོ་བསྐལ་དུ་གྱུར་པ་མཉམ་མེད་དགས་པོ་བཀའ་བརྒྱུད་རིན་པོ་ཆེ་ཞེས། མཚན་གྱི་སྙན་པ་འཇིག་རྟེན་ན་ཡོངས་སུ་གྲགས་པའི་རིང་ལུགས་དྲི་མ་མེད་པ་སྙན་བརྒྱུད་ཀྱི་གདམས་པ་ཟབ་མོ་བདུད་བརྩིའི་རྒྱུན་ཟམ་མ་ཆད་པ་གཅིག་ནས་གཅིག་ཏུ་ད་བར་བརྒྱུད་པའི་བཀའ་སྲོལ་འདི་ཉིད་ཀྱི་བསྟན་པའི་སྲོལ་འབྱེད་དམ་པར་གྱུར་པ། ཕ་༸རྗེ་བཙུན་བླ་མ་དམ་པ་འཇིག་རྟེན་འདི་ན་ལྷ་མི་ཀུན་གྱི་གཙུག་གྱི་རྒྱན་དུ་གྱུར་པ། ཚེ་གཅིག་ལ་རྫོགས་པའི་སངས་རྒྱས་གྱི་གོ་འཕངས་མངོན་དུ་མཛད་པ་རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་དམ་པ་མི་ལ་བཞེས་པ་རྡོ་རྗེའམ། ༸རྗེ་བཙུན་མི་ལ་རས་པ་ཞེས་ས་གསུམ་ན་གང་གི་སྙན་པ་ཕྱོགས་མཐར་ཁྱབ་པ། གང་གི་མཚན་བཟང་ཐོས་པ་ཙམ་གྱི་སྐྱེ་བོ་ཀུན་གྱི་རྒྱུད་ལ་དྭངས་བ་དང་བྱིན་བརླབས་འཇུག་ཅིང་ཐར་པའི་ས་བོན་བསྐྲུན་པར་ནུས་པའི་བདག་ཉིད་ཆེན་པོ་དེ་ཉིད་ལྕགས་འབྲུག་ལོར་འཁྲུངས་པ་དང་སྤྱི་ལོ་ ༡༠༥༢ ནས་ ༡༡༣༥ བར་མཛད་འཕྲིན་བསྐྱངས་པ་ཏེ། སྐུ་མྱ་ངན་ལས་འདས་ནས་མི་ལོ་ ༨༧༥ ཙམ་འཁོར་བར། ད་ལམ་དུས་ཀྱི་ཆ་ནས་དུས་ཕུན་སུམ་ཚོགས་པ་ཆོ་འཕྲུལ་དུས་ཆེན་དང་ཉེ་བ།   རབ་གནས་ལྕགས་ཡོས་བོད་རྒྱལ་ལོ་ ༢༡༣༨ བོད་ཟླ་ ༡ པོའི་ཚེས་ ༡༤ ཉིན་ཁོང་གྱི་འདས་མཆོད་དུས་ཚིགས་ཁྱད་པར་ཅན་དེ་འཁེལ་བས་ན། དེ་ལྟ་བུ་དུས་ཚིགས་ཁྱད་པར་ཅན་གྱི་ཉིན་མོར་ཆོས་བརྒྱུད་གཞན་རྣམས་དང་གཅིག་མཚུངས་ཀྱིས་རི་ཀོན་ཆོས་འཁོར་དགོན་གྱི་ཆོས་ཕྱོགས་མཛད་རིམ་འོག་རྣམ་དཀར་དགེ་བའི་མཆོད་འབུལ་བཀའ་བརྒྱུད་དུས་དྲན་བསྲུང་བརྩི་དང་རྗེ་མི་ལའི་བླ་སྒྲུབ་ཀྱི་སྒོ་ནས་ཚོགས་འཁོར་ཞིག་འབུལ་རྒྱུ་ལགས་ན། བདག་ཅག་བསྐལ་ལྡན་ཆོས་གྲོགས་ཀུན་གྱིས་རྗེ་དེ་ཉིད་ཀྱི་རྣམ་ཐར་བཀྲིན་རྗེས་སུ་དྲན་པ་དང་། རྣམ་ཐར་མཇལ་བ་དང་ཐོས་པ་ཙམ་གྱིས་ཕན་ཡོན་དཔག་ཏུ་མེད་པ་ཡོད་པ་ཡང།
རྗེ་མི་ལའི་ཞབས་ཀྱིས།མ་འོངས་གང་ཟག་ཐམས་ཅད་ཀྱིས། །གལ་ཏེ་བསྒོམ་པ་ནུས་སྲིད་ན། །མི་ཁོ་བོས་དཀའ་བ་སྤྱད་སྤྱད་ནས། །གེགས་དང་གོལ་ས་མེད་པར་ཤོག །ཆོས་ཕྱིར་དཀའ་ཐུབ་སྤྱོད་པ་ལ། །བསོད་ནམས་དཔག་ཏུ་མེད་པ་ཡོད། །དེ་ལ་འཇུག་ཅིང་བསྐུལ་བ་ལ། །བཀའ་དྲིན་དཔག་ཏུ་མེད་པ་ཡོད། །མི་ཁོ་བོས་རྣམ་ཐར་ཐོས་པ་ལ། །བྱིན་བརླབས་དཔག་ཏུ་མེད་པ་ཡོད། །དཔག་མེད་གསུམ་གྱིས་བྱིན་བརླབས་ཀྱིས། །ཐོས་པ་ཙམ་གྱིས་གྲོལ་གྱུར་ནས། །བསམ་པ་ཙམ་གྱིས་འགྲུབ་པར་ཤོག །གསུངས་པ་ལྟར་རྣམ་ཐར་བཀྲིན་རྗེས་སུ་དྲན་པའི་སྒོ་ནས་མཆོད་སྤྲིན་རྒྱ་མཚོས་མཆོད་ན། བསོད་ནམས་དེ་བས་ཀྱང་མཆིས་སོ་བསྩལ་ཞེས་སངས་རྒྱས་ཀྱི་བཀའ་བསླུ་མེད་དུ་ངེས་པའི་ཐོག དེ་ལྟར་དེའི་རྣམ་ཐར་ལ་རིམ་གྱིས་བསླབ་ནས་མཐར་ཚོམ་བུ་གཅིག་ཏུ་སངས་རྒྱ་བའི་རྟེན་འབྲེལ་གྱི་སྒོ་མོ་དབྱེ་བའི་ཕྱིར་དུ་དུས་དྲན་བསྲུང་བརྩི་ཞུ་རྒྱུ་ལགས་ན་ཚང་མས་དགོངས་པར་མངའ་བ་མཁྱེན་མཁྱེན། དད་ལྡན་གསེར་སྐྱ་ཆོས་གྲོགས་ཕོ་མོ་ཀུན་ལ་རི་ཀོན་ཆོས་འཁོར་དགོན་ནས་བཀའ་བརྒྱུད་སྐུ་ཚབ་ཨཙརྱཔདྨ་དབང་རྒྱལ་ནས་བོད་ཟླ་ ༠༡     པའི་བོད་ཚེས་ ༠༥ ལ་ཆོས་བརྡའི་ཚུལ་དུ་ཕུལ། །དུས་ཚོད་དང་ཚོགས་ཡུལ་ངེས་རྒྱུ།རི་ཀོན་ཆོས་འཁོར་དགོན་དུ། ༢༠༡༡ ཕྱི་ཟླ་ ༠༣ ཚེས་ ༡༨ རེས་གཟའ་པ་སངས་ཞོག་པ་ཆུ་ཚོད་༩་་༣༠ ནས་ ༡༡་་༠༠ བར་ཞལ་འདོན་ཚོགས་རྒྱུ་ཡིན་པ་ཐུགས་འཇགས་ཞུ། །

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 9 སྡོམས་རོགས།