ཨར་གྷའོ་བོད་སློབ་ཏུ་ཤེས་རིག་དྲུང་ཆེའི་གཟིགས་སྐོར།
༄༅། །དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་དྲུང་ཆེ་སྐུ་ངོ་ཀརྨ་སེང་གེ་མཆོག་དང་ཕྱག་རོགས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ཚན་པའི་འགན་འཛིན་སྐུ་ངོ་བསྟན་འཛིན་རྡོར་རྗེ་མཆོག་རྣམ་གཉིས་ད་ལམ་གཞུང་འབྲེལ་ཕྱོགས་བསྐྱོད་དང་སྟབས་བསྟུན་སུད་སི་བོད་སློབ་ཁག་ཏུ་གཟིགས་ཞིབ་ཀྱི་མཛད་རིམ་ལས་དེ་རིང་སྟེ་ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༢ ཉིན་རང་རེའི་ཨར་གྷའོ་བོད་སློབ་ཏུ་གཟིགས་ཞིབ་དང་སློབ་ཕྲུག་ཡོངས་དང་ལྷན་དུ་གང་བློ་མ་གསུང་འདོན་དང་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གཏོང་གནང་མཛད། འདི་གའི་བོད་སློབ་ཏུ་འཛིན་གྲྭ་ཆེ་འབྲིང་ཆུང་གསུམ་ཆ་ཚང་གི་བོད་ཡིག་གི་ཤེས་ཚད་ལ་རྟོགས་ཞིབ་དང་སློབ་ཕྲུག་དང་ལྷན་དུ་ཕན་ཚུན་བོད་སྐད་གཙང་མའི་ཐོག་བཀའ་མོལ་ཡང་གནང་བ་མ་ཟད་དེ་བཞིན་འཛིན་གྲྭ་སོ་སོའི་བོད་དགེ་རྣམ་པས་ཀྱང་ད་ལྟའི་བོད་ཡིག་འཛིན་གྲྭའི་གནས་སྟངས་དང་ཡར་རྒྱས་གོང་མཐོར་འགྲོ་བཞིན་པའི་བྱུང་རིམ་སོགས་ཀྱང་སྙན་གསེང་ཞུས་གནང་། མི་རྗེ་སྐུ་ངོ་དྲུང་ཆེ་མཆོག་ནས་སློབ་ཕྲུག་རྣམ་པར་བོད་ཀྱི་སྐད་ཡིག་གལ་ཆེ་ཚུལ་དང་དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་དང་ཁྱད་པར་དུ་ཤེས་རིག་ལས་ཁུངས་ཀྱི་ངོ་སྤྲོད་མདོར་བསྡུས་སོགས་གསུང་བཤད་གོ་བདེའི་ངང་གནང་། སློབ་ཕྲུག་དང་ལྷན་དུ་བཞུགས་མོལ་སྒྲུབ་རྗེས་ཕ་མ་རྣམ་པ་དང་དེ་བཞིན་ཟུར་གནས་ཨར་གྷའོའི་མི་མང་ཁག་ཅིག་ཆེད་དུ་གཉེར་ནས་དཔལ་ལྡན་ཤེས་རིག་དྲུང་ཆེའི་བཀའ་སློབ་གསན་ཕྱིར་ཕེབས་ཡོད་པ་དང་། ཐོག་མར་བོད་སློབ་དང་རིག་གཞུང་སྡེ་ཚན་གྱི་འགན་འཛིན་ནས་མང་ཚོགས་ཀྱི་སྙན་ལམ་དུ་བོད་སློབ་ཀྱི་འདས་མ་ད་གསུམ་གྱི་གནས་ཚུལ་རྣམས་སྙན་གསེང་ཞུས་པ་དང་། དེའི་རྗེས་སུད་སི་སྐུ་ཚབ་དོན་གཅོད་སྐུ་ངོ་འཆི་མེད་རིག་འཛིན་མཆོག་ནས་ཨར་གྷའོ་མི་མང་ལ་མཚམས་གཟིགས་ཀྱི་བཀའ་སློབ་ཐོག་མ་དེའང་དེ་རིང་གནང་བར་མཛད། མཐའ་མར་ཤེས་རིག་དྲུང་ཆེ་མཆོག་ནས་མི་མང་ཡོངས་ལ་ཤེས་རིག་ལས་ཁུངས་ཀྱི་ལས་འཆར་སོགས་དང་དེ་བཞིན་ཨར་གྷའོ་བོད་སློབ་ལ་ཆེ་བསྟོད་དང་དེ་བཞིན་མ་འོངས་པར་ཐུགས་ཕན་གསོ་བའི་ལས་འཆར་ཅི་རིགས་ལ་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་ཀྱང་མཛད། མི་མང་ལ་ལམ་སྟོན་བཀའ་སློབ་དང་དམིགས་བསལ་གྱིས་བུ་ཕྲུག་གསོ་སྐྱོང་གནང་བཞིན་པའི་སྐྱེས་མ་ཚོར་ཕྲུག་གུའི་སྐད་ཡིག་གི་འཚར་ལོངས་ཡག་ཉེས་སོགས་ནི་ཨ་མ་དག་ལ་རག་ལས་ཚུལ་སོགས་བཀའ་སློབ་གནང་མཐར་མི་མང་ནས་དོགས་དྲི་དང་དགོངས་འཆར་སོགས་བཏོན་གནང་མཁན་ཡང་མི་ཉུང་བ་ཞིག་ཀྱང་བྱུང་།
དམིགས་བསལ་སྐུ་བཅར་གནང་མཁན་སུད་སི་སྐུ་ཚབ་དོན་གཅོད་མཆོག་གི་གཙོས་སུད་སི་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་ཚོགས་གཞོན་སྐུ་ངོ་ཕྱོགས་ཤམ་པ་ཕུན་ཚོགས་མཆོག་དང་། སྐུ་ཚབ་དོན་ཁང་གི་ལས་བྱེད་བསོད་ནམས་མཐར་ཕྱིན་མཆོག་དང་སྐལ་ལྡན་མཚོ་མོ་བཅས་ཕེབས་ཡོད།
ཨར་གྷའོ་བོད་སློབ་དང་རིག་གཞུང་སྡེ་ཚན་ནས།
༢༠༡༩ ཟླ་ ༥ ཚེས་ ༡༢ ཉིན།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།