ཨར་གྷའོ་བོད་སློབ་ཏུ་རྒྱ་ཡིག་འཛིན་གྲྭ།

ངེད་ཅག་བོད་མིར་མཚོན་ན་རང་གི་ཕ་སྐད་མི་ཉམས་རྒྱུན་འཛིན་བྱ་དགོས་པ་ལྟ་ཅི་མི་རིགས་གཞན་གྱི་སྐད་ཡིག་ཇི་ཙམ་ཤེས་ནའང་མཛེས་རྒྱན་དུ་འགྱུར་བ་དང་། ས་པཎ་གྱིས་ཀྱང་དེ་རིང་འཆི་ནའང་ཡོན་ཏན་སློབ་དགོས་ཅེས་གདམས་ངག་གནང་ཡོད་པ་ལྟར་ཨར་གྷའོ་བོད་སློབ་དང་རིག་གཞུང་སྡེ་ཚན་གྱིས་གོ་སྒྲིག་འོག་དེ་རིང་ཐེངས་དང་པོར་ས་གནས་བོད་སློབ་ཏུ་རྒྱ་ཡིག་འཛིན་གྲྭ་ཞིག་འགོ་འཛུགས་ཞུས་ཡོད།
རྒྱ་ཡིག་འཛིན་གྲྭ་འདིར་དོན་གཉེར་ཅན་མི་གྲངས་ ༡༢ དངོས་སུ་ཐོ་འགོད་ཀྱིས་མཉམ་ཞུགས་གནང་ཡོད་པ་དེ་དག་ལས་ས་གནས་བོད་སློབ་ཀྱི་སློབ་མ་རྒན་པ་ལྔ་དང་། ཨར་གྷའོ་གཞོན་སྐྱེས་སྡེ་ཚན་གྱི་ན་གཞོན་ཕོ་མོ་ལྔ། འབྲེལ་ཡོད་ཁྱིམ་བདག་ཕ་མ་གཉིས་བཅས་ཡིན།
འཛིན་གྲྭ་དེ་བཞིན་དེ་རིང་ནས་བཟུང་འདི་ལོའི་ཕྱི་ཟླ་བཅུ་གཉིས་ཟླ་འཇུག་བར་ཚོགས་ཐེངས་བཅུ་གཉིས་བཀོད་སྒྲིག་བྱས་ཡོད་པས་དུས་ཡུན་དེའི་ནང་གནས་ཚད་རིམ་པ་དང་པོའི་བསླབ་གཞི་ཆ་ཚང་བསྒྲུབ་ཐུབ་པའི་འཆར་གཞི་བཏིང་ཡོད་པ་མ་ཟད་དེང་དུས་རྒྱལ་སྤྱིའི་འགྲོ་ལུགས་ལྟར་བསླབ་གཞིའི་སློབ་ཚན་ཡོངས་རྫོགས་བསྒྲུབས་མཚམས་ཡིག་རྒྱུགས་གཏོང་ཐུབ་པ་བཟོས་ནས་ཚད་ལྡན་ལག་འཁྱེར་ཡང་རག་རྒྱུའི་གོ་སྐབས་ཡང་ཡོད།
རྒྱ་ཡིག་འཛིན་གྲྭ་འདི་བཞིན་སློབ་འཁྲིད་གནང་མཁན་ནི་ཨར་གྷའོ་བོད་སློབ་ཀྱི་ས་གནས་བོད་དགེ་བསྟན་འཛིན་སྒྲོལ་དཀར་ལགས་ཡིན།
ལས་གཞི་འདིས་ཆེ་ས་ནས་བོད་བསྟན་པ་ཆབ་སྲིད་དང་ཆུང་ས་ནས་དོན་གཉེར་ཅན་རང་རང་སོ་སོའི་མི་ཚེའི་འཚོ་བའི་ནང་ལོངས་སུ་སྤྱོད་དེ་ལྟོ་གོས་གཏམ་གསུམ་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ཞིག་འབྱུང་ཐུབ་པ་བྱ་རྒྱུ་ནི་གོ་སྒྲིག་པའི་རེ་སྨོན་དང་དམིགས་ཡུལ་མཐར་ཐུག་དེ་ཡིན།
ཨར་གྷའོ་བོད་སློབ་དང་རིག་གཞུང་སྡེ་ཚན་ནས།
༢༠༢༠ ཟླ། ༩ ཚེས། ༦ ཉིན།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།