ཨ་རིའི་ནེའུ་ཡོག་སེམས་ཅན་རྭ་བའི་ནང་གི་སྟག་ཅིག་ལ་ཏོག་དབྱིབས་ནད་དུག་ཕོག་འདུག
དེ་རིང་སུད་སིའི་གསར་ཁང་གྲགས་ཅན་BLICK ནང་ཐད་སྤེལ་བྱེད་བཞིན་པ་ནི། ཨ་རིའི་ནེའུ་ཡོག་ NEW YORK གྲོང་ཁྱེར་གྱི་སེམས་ཅན་རྭ་བ་(Bronx Zoo) ནང་གི་མིང་ལ་ NADIAཟེར་བའི་སེམས་ཅན་སྟག་ཅིག་ལ་ཏོག་དབྱིབས་ནད་དུག་གམ། རྒྱ་ནག་ཝུ་ཧན་ནད་ཡམས་ཕོག་ཡོད་པའི་གནས་ཚུལ་གླེང་བཞིན་འདུག
ཉེ་བའི་ཆར་སེམས་ཅན་ལ་ཏོག་དབྱིབས་ནད་དུག་ཕོག་པའི་གནས་ཚུལ་ཁ་ཤས་བྱུང་བའི་ནང་། གཅེས་ཉར་སེམས་ཅན་ཁྱི་གཅིག་དང་། ཞི་མི་གཅིག་ལ་ཏོག་དབྱིབས་ནད་དུག་ཕོག་པའི་གནས་ཚུལ་ཐོན་ཡོད་པ་ལས། བདག་མེད་སེམས་ཅན་སྟག་ལ་ཏོག་དབྱིབས་ནད་དུག་ཕོག་པའི་གནས་ཚུལ་བྱུང་བ་ཐེངས་དང་པོ་ཡིན་ཚུལ་བརྗོད་ཀྱི་ཡོད་འདུག
སེམས་ཅན་རྭ་བའི་བདག་གཉེར་བ་ཚོས་བརྗོད་གསལ་ལྟར་ན། སྟག་ལ་ནད་དུག་འདི་འདྲ་ཕོག་པ་ད་སྔ་བྱུང་མེད་ལ། ང་ཚོས་རྟོག་དཔྱོད་བརྒྱུད་ཤེས་གསལ་ལྟར་ན། སེམས་ཅན་ར་བ་འདིར་ཡོང་མཁན་གྱི་མི་ལས་སྟག་ལ་འགོས་པ་ཡིན་པའི་ཚོད་དཔག་བྱེད་ཀྱིན་ཡོད་ཚུལ་འགྲེལ་བརྗོད་བྱེད་ཀྱིན་ཡོད་པ་དང་། སྟག་དེ་ཉིད་ཀྱི་ཉེ་འཁོར་དུ་ཡོད་པའི་སྟག་གཞན་ཁ་ཤས་དང་། སེང་གེ་ཁ་ཤས་ཤིག་ལའང་ནད་ཡམས་འགོས་ཡོད་ཚོད་འདུག སེམས་ཅན་དེ་དག་ལའང་གློ་བ་སྐམ་པོ་རྒྱག་གིན་འདུག དེ་བས་ང་ཚོས་གང་མགྱོགས་སེམས་ཅན་དེ་དག་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་རྟོག་དཔྱོད་བྱེད་ཀྱིན་ཡོད། ཅེས་སོགས་བརྗོད་ཀྱིན་ཡོད་འདུག
མཉམ་ཞིབ་པ་ཁ་ཤས་ཀྱིས། འདི་ནི་དང་པོ་སྲོག་ཆགས་སེམས་ཅན་བརྒྱུད་རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་གྲོང་ཁྱེར་ཀྱི་ཚོང་རར་སླེབས་པ་དང་། ཡང་སེམས་ཅན་ག་གེ་མོ་བརྒྱུད་མི་ལ་འགོས་པའི་ནད་ཡམས་ཤིག་ཡིན་པའི་ངོས་འཛིན་བྱེད་བཞིན་པ་ལྟར། ད་ལྟ་ནད་དུག་འདི་ཉིད་མི་ཡིས་སེམས་ཅན་ལ་འགོས་པའི་གནས་ཚུལ་མང་དུ་འགྲོ་བཞིན་ཡོད་ཚུལ་དང་། དཔེར་ན་ཉེ་ཆར་ཧོང་ཀོང་ནང་གཅེས་ཉར་སེམས་ཅན་ཁྱི་གཉིས་ལ་ནད་དེ་རང་འགོས་ཡོད་པ་དང་། གཞན་བྷེལ་ཇམ་ནང་གི་ཞི་མི་ཞིག་ལའང་འགོས་ཚར་ཟིན་པས། ནད་དུག་འདི་མི་ལས་སེམས་ཅན་ལ་འགོས་སྲིད་པ་དང་། སེམས་ཅན་ལས་མི་ལ་འགོས་སྲིད་པའི་དཔེ་མཚོན་གསལ་བོ་ཞིག་ཆགས་པ་རེད། ཅེས་སོགས་འགྲེལ་བརྗོད་གནང་གི་ཡོད་འདུག
གནས་ཚུལ་སྒྱུར་སྒྲིག་པ། ཙ་ཡུས་ཕུན་ཚོགས།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།