སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་སུ་༸ཞབས་སོར་བདེ་བར་འཁོད་པ།

༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༢༥ ཉིན་གྱི་སྔ་དྲོ་༸གོང་ས་མཆོག་བཞུགས་སྒར་ཕོ་བྲང་ནས་སྟོན་འཁོར་དང་བཅས་ཕེབས་འགྲོ་བརྒྱུད་ཇམ་མུ་དང་དེ་ནས་མཁའ་ལམ་བརྒྱུད་ལ་དྭགས་རྒྱལ་ས་སླེའི་བ་ཀུ་ལ་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་འབྲི་གུང་ཆེ་ཚང་རིན་པོ་ཆེ་མཆོག ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ LAHDC ཀྱི་ཚོགས་གཙོ་སྐུ་ཞབས་བསོད་ནམས་ཟླ་བ་ལགས། སླེ་མངའ་ཁུལ་གྱི་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ངག་དབང་རིག་འཛིན་འཇོ་ར།

དེ་བཞིན་ལ་དྭགས་ནང་པ་དང་ཁ་ཆེའི་ཆོས་ལུགས་དབུ་ཁྲིད་ཁག་གཅིག་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས།
དེ་རྗེས་གནམ་ཐང་ནས་ཞི་བའི་ཚལ་ཕོ་བྲང་དུ་ཆིབས་སྒྱུར་བསྐྱངས་སྐབས་དད་ལྡན་སེར་སྐྱ་སྟོང་ཕྲག་བརྒལ་བས་ལག་ཏུ་དཀར་གཙང་མཇལ་དར་དང་མེ་ཏོག་སོགས་མཆོད་རྫས་ཐོགས་ཏེ། རང་ལུགས་གཟབ་མཆོར་ལེགས་པར་སྤྲས་ཏེ་དགའ་དད་སྤྲོ་གསུམ་སྒོ་ནས་མཇལ་ཕྱག་དང་སྦྲགས་ཕེབས་བསུ་ཞུས། དེ་ནས་ཞི་བའི་ཚལ་༸རྒྱལ་བའི་ཕོ་བྲང་དུ་༸ཞབས་སོར་འཁོད་བསྟུན་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ལ་དྭགས་ནང་པའི་ཚོགས་པའི་ཚོགས་གཙོ་མཆོག དེ་བཞིན་ལ་སྤྱི་བཅས་ཀྱིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས། སྐབས་དེར་༸གོང་ས་མཆོག་གིས་ཚོགས་བཅར་བ་ཡོངས་ལ་ཐོག་མར་འཚམས་འདྲི་མཛད་པ་དང་སྦྲགས་ཁུལ་དེར་སྣེ་ལེན་གཟབ་རྒྱས་ཞུས་པར་ཐུགས་རྗེ་ཆེ་ཞུས་གནང་མཛད་རྗེས་མགོན་པོ་གང་ཉིད་མཆོག་གིས། འགྲོ་བ་མིའི་རིན་ཐང་དང་ཆོས་ལུགས་མཐུན་སྒྲིལ། བོད་བརྒྱུད་ནང་བསྟན་གོང་མཐོར་གཏོང་གནང་མཛད་རྒྱུའི་སྐུ་ཚེའི་རླབས་ཆེན་གྱི་མཛད་ཁུར་གཙོ་བོ་གསུམ་གྱི་ཐོག་བླང་དོར་བཀའ་སློབ་སྩལ་དོན།

ཉེ་ཆར་ངོས་རང་ཨ་མི་རི་ཀར་གྲོང་ཁྱེར་ཁག་མང་པོའི་སྤྱི་ཁྱབ་རྣམས་དང་ལྷན་ཚོགས་འདུ་ཞིག་གི་སྐབས་དེང་སྐབས་འཛམ་གླིང་ནང་ཆོས་ལུགས་དང་མ་འབྲེལ་བའི་ཐོག་ནས་རིས་མེད་ཀྱི་བཟང་སྤྱོད་གོང་མཐོར་གཏོང་རྒྱུ་གལ་ཆེན་པོ་འདུག ཅེས་བཤད་སྐབས་ཁོང་ཚོ་མང་པོ་ཞིག་གིས་དེར་དོ་སྣང་ཧ་ཅང་གནང་གི་འདུག བློ་སྤོབས་སྐྱེ་དགོས་པ་ཞིག་བྱུང་། ཞེས་བཀའ་སློབ་སྩལ་བ་དང་སྦྲགས། ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་གོང་མཐོར་གཏོང་རྒྱུའི་སློབ་ཚན་འཆར་གཞི་སྒྲིག་ནས་འདི་ལོའི་ལོ་མཇུག་ཙམ་ལ་སློབ་ཚན་གཏན་འབེབས་ལེགས་གྲུབ་ཟིན་རྒྱུའི་ཐུགས་རེ་མཛད་བཞིན་ཡོད་པ་དང་། གཏན་འབེབས་ཟིན་རྗེས་སློབ་ཚན་དེ་དག་རིམ་བཞིན་སློབ་གྲྭ་ཁག་གི་ནང་སློབ་ཁྲིད་བྱ་རྒྱུའི་འཆར་གཞི་ཡོད་པ་ཙམ་མ་ཟད། ལ་དྭགས་ས་གནས་འགོ་ཁྲིད་ཚོས་ཀྱང་ལ་དྭགས་ས་ཁུལ་གྱི་སློབ་གྲྭ་ཁག་གི་ནང་དུའང་ལག་བསྟར་བྱ་རྒྱུའི་ཐོག་བསམ་བློ་གཏོང་དགོས་པའི་རེ་འདུན་མཛད། མཐར་༸གོང་ས་མཆོག་གི་ཐེངས་འདིར་མགོན་པོ་གང་ཉིད་མཆོག་སླེ་ཁུལ་དུ་བདུན་ཕྲག་བཞི་ཙམ་རིང་བཞུགས་ཞག་མཛད་རྒྱུ་ཡིན་སྐོར་སོགས་ཀྱི་བཀའ་སློབ་སྩལ།། འདྲ་པར་་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 3 སྡོམས་རོགས།