སྐྱབས་རྗེ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་སུད་སིར་ཞབས་སོར་བདེ་བར་འཁོད་པ།

བྱང་རྩེ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་གུ་རུ་འབུམ་ཚོགས་ཀྱི་ཚོགས་མགོན་དུ་ཅི་ལྟར་གསོལ་བ་བཏབ་པ་བཞིན་ས་གནས་སུ་ཞལ་སོར་བདེ་བར་འཁོད་པ། 

ཟླ་༥ ཚེས་༢༣ སིཊཡན་བོད་རིགས་མི་མང་གིས་ལོ་ལྟར་ས་གནས་སུ་གོ་སྒྲིག་ཞུ་བཞིན་པའི་གུ་རུ་འབུམ་ཚོགས་ཀྱི་ཚོགས་མགོན་དུ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་ཅི་ལྟར་གསོལ་བ་བཏབ་པ་བཞིན་ས་གནས་ཉིན་རྒྱབ་དུས་ཚོད་གསུམ་པར་གནམ་ཐང་དུ་ཞལ་སོར་བདེ་བར་འཁོད། 

སྐབས་དེར་རི་ཀོང་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་དགེ་བཤེས་ཐུབ་བསྟན་ལེགས་སྨོན་དང་དབུས་བོད་མིའི་སྒྲིག་འཛུགས་དང་༧གོང་ས་མཆོག་གི་སྐུ་ཚབ་གཅིག་ལྕོགས་སུད་སིར་དོན་ཁང་གི་སྐུ་ངོ་དངོས་གྲུབ་རྡོ་རྗེ། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་བསྟན་འཛིན་སྙིང་པོའི་གཙོས་ས་གནས་འཐུས་མི་ཁག་ཅིག་དང་།   དེ་བཞིན་གཞུང་འབྲེལ་མིན་པའི་འབྲེལ་ཡོད་ཚོགས་པ་ཁག་གི་ཚོགས་གཙོ་དང་འཐུས་མི། སྤྱི་ཟུར་ཁག་ཅིག་བཅས་མི་གྲངས་ཉི་ཤུ་ཡར་མར་ཞིག་གིས་རིན་པོ་ཆེ་གནམ་ཐང་ནས་འབུམ་ཚོགས་ཚོགས་ཡུལ་དུ་དད་གུས་དང་བཅས་ཕེབས་བསུ་བྱས། 

ས་གནས་བ་ཊན་སི་བེའི་གསོལ་མགྲོན་ཁང་དུ་གདན་འདྲེན་ཞུ་སྐབས་ས་གནས་མི་མང་ཁག་ཅིག་གིས་མགྲོན་ཁང་སྒོར་རིན་པོ་ཆེ་མཆོག་ཕེབས་བསུ་ཞུས། མགྲོན་ཁང་དུ་ཕེབས་གྲུབ་རྗེས་རི་ཀོང་དགོན་གྱི་མཁན་རིན་པོ་ཆེ་གཙོས་སྐུ་ངོ་དངོས་གྲུབ་རྡོ་རྗེ་དང་ཚོགས་གཙོ་བསྟན་འཛིན་སྙིང་པོ། དེ་བཞིན་འབྲེལ་ཡོད་མི་སྣ་དག་གིས་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་ལ་མནྜལ་རྟེན་གསུམ་ཕུལ་ཡོད་འདུག 

གུ་རུ་འབུམ་ཚོགས་ནི་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གིས་ལོ་ལྟར་གོ་སྒྲིག་ཞུ་བཞིན་པའི་ཆོས་ཕྱོགས་ཀྱི་མཛད་རིམ་ཞིག་རེད་ལ། འབུམ་ཚོགས་ཀྱི་བླ་མ་དབུ་མཛད་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་བརྒྱུད་ནས་ཆོས་རྒྱུད་ཁག་རེ་མོས་ཀྱི་གོ་སྒྲིག་ཞུ་བཞིན་པ་ཞིག་རེད་འདུག  

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 7 སྡོམས་རོགས།