སུད་སིར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་ཞུ་གཏུགས་ཀྱི་ལས་འགུལ་སྤེལ།

སུད་སིར་གནས་སྡོད་བོད་མི་ཁག་ཅིག་ནས་བོད་རིགས་མི་མང་གི་མཐུན་འགྱུར་འོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་བོད་ནང་སྐུ་ལུས་མཆོད་མེར་ཕུལ་མི་ལྷ་མོ་བཀྲ་ཤིས་ལགས་ཀྱི་གནས་ཚུལ་དང་བོད་དོན་ཆེད་ཛྭ་དྲག་ཞུ་གཏུགས་ཀྱི་ལས་འགུལ་སྤེལ།

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༢༧ ཐོག་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་མང་པོས་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་གླེང་སློང་ཤུགས་ཆེན་གནང་བཞིན་ཡོད། ཚོགས་ཆེན་དེའི་གོ་སྐབས་དང་བསྟུན་ཏེ་རིང་ཕྱི་ཟླ་ ༩ ཚེས་ ༢༤ རེས་གཟའ་ལྷག་པ་ཉིན་སྔ་དྲོ་ཆུ་ཚོད་༡༡ ནས་ ༡༧ །༣༠ བར་འཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཨ་མའི་མདུན་ཐང་དུ་སུད་སིར་གནས་སྡོད་བོད་མི་ ༢༤ ནས་བོད་རིགས་མི་མང་གི་མཐུན་འགྱུར་འོག་གཙོ་བོ་ཟླ་འདིའི་ཚེས་ ༡༧ཉིན་སྐུ་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་ལྷ་མོ་བཀྲ་ཤིས་ལགས་ཀྱི་གནས་ཚུལ། དེ་བཞིན་བོད་མདོ་ཁམས་གདན་མའི་ནང་མྱངས་དང་མྱོང་བཞིན་པའི་གནས་ཚུལ་སྐོར་དང་བོད་རྒྱ་ཞི་མོལ་ཀྱི་སྐུལ་འདེད་བཅས་པུས་མོ་ས་ལ་བཙུག་ཏེ་ཞུ་གཏུགས་ཀྱི་ལས་འགུལ་གནང་ཡོད་པ་དང། རྒྱལ་ཁབ་སོ་སོའི་འཐུས་མི་རྣམས་ནས་ཀྱང་དོ་སྣང་གང་ལེགས་གནང་སོང།

དྲིལ་བསྒྲགས་ཡིག་ཆ་ཤོག་གྲངས་༢༥༠༠ བརྒལ་བ་འགྲེམས་སྤེལ་གནང་བ་མ་ཟད།རྒྱ་རིགས་ཡུལ་འཁོར་སྤྲོ་འཆམ་པ་རྣམས་ལ་དམིགས་བསལ་དབུ་མའི་ལམ་གྱི་དགོངས་དོན་ཡིག་ཆ་ཞིག་རྒྱ་ཡིག་ཐོག་ཕབ་སྟེ་འགྲེམས་སྤེལ་ཀྱང་གནང་ཡོད། ལས་འགུལ་མཇུག་སྒྲིལ་སྐབས་བཞུགས་སྒར་ནས་ཐེངས་འདིའི་ཚོགས་ཆེན་ཐོག་ཆེད་ཕེབས་གནང་བའི་བོད་ཀྱི་འགྲོ་བ་མིའི་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་གི་འགན་འཛིན་ཚི་རིང་མཚོ་མོ་ལགས་ནས་ཚོགས་ཆེན་དང་འབྲེལ་བའི་བཀའ་སློབ་གནང་།དེ་བཞིན་བོད་དོན་ཆེད་ཚོགས་བཅར་བ་གཞན་ཁག་ཅིག་ནས་ཀྱང་ཁོང་རྣམ་པའི་ལས་འཆར་ངོ་སྤྲོད་དང་འབྲེལ་བཀའ་སློབ་གནང།ལས་འགུལ་འདི་བཞིན་ཉིན་གཉིས་གོང་གོ་བསྒྲིགས་བྱས་པ་ཡིན་ཀྱང་ཧ་ལས་པའི་ལས་འགུལ་ཚག་ཚུད་དང་དོན་འབྲས་བྱུང་བར་ཚང་མའི་དགའ་སྤྲོའི་ངང་རང་གནས་སུ་ལོག་སོང།

གནས་ཚུལ་སྤེལ་མཁན་བསྟན་འཛིན་སྙིང་པོ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 6 སྡོམས་རོགས།