སུད་སིར་གདུང་སེམས་མཉམ་སྐྱེལ་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་གནང་བ།

༢༠༡༦ ལོའི་ཟླ་༩ཚེས་༡༦ ཉིན་སུད་སི་ཇི་ནེ་ཝ་གྲོང་ཁྱེར་གྱི་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་ཁང་ཨ་མའི་མདུན་ཐང་དུ། སུད་སི་དང་ལིག་ཏན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། སུད་སི་སྐུ་ཚབ་དོན་གཅོད། ཡུ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས། སུད་སི་ས་གནས་བུད་མེད་ཚོགས་པ་བཅས་ཀྱི་མཉམ་འབྲེལ་ཐོག་བོད་དོན་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་ཡོད་འདུག

ལས་འགུལ་དེར་སྐུ་མགྲོན་གཙོ་བོ་སུད་སི་གྲོས་ཚོགས་ཀྱི་འཐུས་མི་ལྕམ་ Lisa Mazzoni མཆོག་གིས་གཙོས། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིན་བློན་གཞོན་པ་དང་ཁོར་ཡུག་བློན་ཆེན་ཟུར་བ་སྐུ་ཞབས་Martin Bursik ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་Thomas Mann མཆོག་གི་སྐུ་ཚབ། འཛམ་གླིང་ཞིན་ཅང་མཐུན་ཚོགས་ཀྱི་ཚོགས་གཙོ་Rabiya Kadeer མཆོག རི་ཁོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་མཆོག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་སྐུ་ཞབས་ཪི་ཆར་Richard Gere།  སུད་སི་དང་ལིག་ཏེན་སིཊཡན་བོད་མི་རིགས་མི་མང་གི་ཚོགས་གཙོ་སྦྲེལ་བོས་གཙོས་ས་འཐུས་རྣམ་པ། སུད་སི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་མཆོག  བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད། བོད་ཀྱི་ཆབ་སྲིད་བཙོན་ཟུར་ཞིང་གཤེགས་དམ་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་བཅས་ཀྱིས་གཙོས་ཡུ་རོབ་གནས་བཞུགས་བོད་མི་ཁག་དང་། ཡུ་གུར་པ། ཕྱི་རྒྱལ་བོད་དོན་རྒྱལ་སྐྱོར་བ་སྟོང་ཕྲག་ལྷག་མཉམ་འཛོམས་གནང་ཡོད་པ་དང་། 

རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ལས་ཁང་ཁག་གིས་གཙོས་བའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་བོད་དོན་ཐད་དྲང་ཚུགས་ཀྱི་བཞེངས་ཕྱོགས་འཛིན་དགོས་པའི་འབོད་སྐུལ་དང་། རྒྱ་གཞུང་གིས་ཉེ་བའི་ཆར་གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཏོར་བཅོམ་དང་། ཉེས་མེད་དགེ་འདུན་པ་མང་པོ་ཕྱིར་འཕུད་གཏོང་བཞིན་པ་སོགས་ཀྱིས་མཚོན་པའི་བོད་ཀྱི་ཆོས་ལུགས་དང་སྐད་ཡིག ཡུལ་སྲོལ་གོམས་གཤིས། འགྲོ་བ་མིའི་ཐོབ་ཐང་གི་རང་དབང་བཅས་ཀྱི་གནས་སྟངས་ཉིན་ལྟར་ཇེ་སྡུག་ཏུ་འགྲོ་བཞིན་པ་སོགས་ལ་རྒྱལ་སྤྱིའི་དྲང་བདེན་གྱི་རྒྱབ་ལངས་གནང་དགོས་རྒྱུ་དང་། བོད་ནང་རྒྱལ་གཅེས་དཔའ་བོ་བརྒྱ་དང་ལྔ་བཅུ་ལྷག་གིས་ལུས་སྲོག་ལོངས་སྤྱོད་བློས་བཏང་གིས་རྒྱ་གཞུང་གི་གདུག་རྩུབ་སྲིད་བྱུས་ལ་ཞི་བའི་ངོ་རྒོལ་དང་། རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་གིས་བོད་མིའི་ཆོས་སྲིད་གཉིས་གྱི་དབུ་ཁྲིད་༧གོང་ས་རྒྱལ་བའི་དབང་པོ་མཆོག་ཆ་རྐྱེན་ཅི་ཡང་མེད་པའི་ཐོག་ནས་བོད་ནང་ཕྱིར་ཆིབས་སྒྱུར་གནང་དགོས་པ། བོད་ལ་རང་དབང་དགོས་པའི་འབོད་སྐུལ་གྱི་ཞལ་ཆེམས་ཁག་རྒྱ་གཞུང་གིས་ཅིས་ཀྱང་བདག་སྤྲོད་དགོས་པ་མ་ཟད། འཛམ་གླིང་ཚོགས་སྡེ་ཁག་དང་། དམིགས་བསལ་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་གིས་བདག་སྤྲོད་གནང་དགོས་པའི་རྔམ་སྟོན་སྐད་འབོད་ཤུགས་ཆེན་གནང་ཡོད་འདུག

གཞི་རྒྱ་ཆེ་བའི་ལས་འགུལ་འདི་གོང་ཚེས་ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་གཅིག་ཐོག་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་མདུན་ཐང་སྟེ Palais Wilson ཟེར་བའི་ཐང་ཆེན་དུ་མི་མང་འདུ་འཛོམས་དང་། དེ་ནས་རིམ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འཐུས་མི་ཁེལ་མོའི་ལར་Kai Muller ལགས་ཀྱིས་ལས་འགུལ་འདི་ལྟ་བུ་གོ་སྒྲིག་ཞུ་དགོས་པའི་རྒྱབ་ལྗོངས་དང་དམིགས་ཡུལ་སོགས་ངོ་སྤྲོད་གནང་བ། དེ་བཞིན་བོད་ཀྱི་རྒྱལ་གླུ་དང་། ཡུ་གུར་མི་རིགས་ཀྱི་རྒྱལ་གླུ་སོགས་གདེངས་སུ་བཀུག་རྗེས། བསྟན་སྲིད་མི་རིགས་ཆེད་འདས་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་སོགས་ཀྱི་ཆེད་མྱ་ངན་བཅད་དུས་ཡུན་སྐར་མ་གཅིག་རིང་གནང་བ་དང་། རི་ཁོན་ཆོས་འཁོར་དགོན་གྱི་དགེ་འདུན་པ་རྣམས་ཀྱིས་གཙོས་མི་མང་ཡོངས་ནས་བདེན་ཚིག་སྨོན་ལམ་གསུང་བ། དེ་ནས་རིམ་བཞིན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས་དང་། ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོའི་སྐུ་ཚབ། སུད་སི་གྲོས་ཚོགས་ཀྱི་འཐུས་མི། སྐུ་ཚབ་དོན་གཅོད་བཅས་གནད་ཡོད་མི་སྣ་ཁག་གིས་ལས་འགུལ་དང་འབྲེལ་བའི་གསུང་བཤད་རིམ་པ་གནང་ཡོད་འདུག

ཕྱི་དྲོའི་ཕྱག་ཚོད་གསུམ་པ་ཙམ་ལ་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཞོན་པད་མ་ལྷ་སྙིང་ལགས་ནས་ལས་འགུལ་མཇུག་སྡོམ་གསུང་བཤད་དང་སྦྲག གཞི་རྒྱ་ཆེ་བའི་ལས་འགུལ་འདིའི་མཇུག་ཡོངས་སུ་བསྡུས་ཡོད་འདུག
གསར་འགོད་པ། ཙ་ཡུས་ཕུན་ཚོགས། 

འདྲ་པར

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 7 སྡོམས་རོགས།