སུད་སིའི་གཞུང་གིས་སུད་སྒོར་ས་ཡ་གཅིག་ལྷག་བཏང་སྟེ་རྒྱ་ནག་གི་ཁ་རས་དང་ལག་ཤུབས་ཉོས།

སུད་སི་གཞུང་གིས་སུད་སྒོར་ས་ཡ་གཅིག་ལྷག་བཏང་སྟེ་རྒྱ་ནག་གིས་བཟོས་པའི་ཁ་རས་དང་ལག་ཤུབས། ཚ་གྲང་རྟོག་ཆས་བཅས་སྨན་བཅོས་ཡོ་བྱད་འབོར་ཆེན་ཇི་ནི་ཝ་གནམ་ཐང་དུ་འབྱོར་ཡོད་པ་དང་། སུད་སིའི་མངའ་སྡེ་ཁག་ཅིག་གི་སྨན་ཁང་དང་། སྨན་བཅོས་ལས་རིགས་ཁག་གི་མི་མི་མང་ལ་འགྲེམ་སྤེལ་གནང་རྒྱུ་ཡིན་འདུག

སྨན་བཅོས་ཡོ་བྱད་དེ་རིགས་ནི་སུད་སི་རྒྱ་ནག་ཚོང་འབྲེལ་ཚོགས་པའི་གོ་སྒྲིག་འོག རྒྱ་ནག་གྲོང་ཁྱེར་ཧྲང་ཧེ་རུ་རྟེན་གཞི་བྱས་པའི་རྒྱ་ནག་གི་སྨན་རྫས་བཟོ་གྲྭ་ཆེ་གྲས Sinopharm Group Co.LTD བཟོས་པའི་སྨན་བཅོས་ཡོ་བྱད་ཁག་ཡིན་པ་དང་། ཁ་རས་དང་ལག་ཤུབས་སོགས་སོགས་ལ་རྒྱལ་སྤྱིའི་ཚོང་འབྲེལ་སྒྲིག་གཞིའི་སྤུས་ཚད་དང་མཐུན་ཚུལ་བསྒྲགས་ཡོད་འདུག

ཉེ་བའི་བདུན་ཤས་སྔོན་ཡུ་རོབ་ཀྱི་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་ནས་ཉོས་པའི་ཁ་རས་དང་སྨན་བཅོས་ཡོད་བྱད་ཁག་ཅིག་སྤུས་ཚད་ཧ་ཅང་སྐྱོ་བའི་དབང་གིས་ཕྱིར་སློག་བྱས་ཡོད་པ་དང་། དེ་ཕྱིན་རྒྱ་ནག་ནས་ཉོས་པའི་ཁ་རས་དང་ལག་ཤུབས་སོགས་སྨན་ཁང་ཁག་ནང་བེད་སྤྱོད་གཏོང་མི་ཆོག་པའི་བཀའ་རྒྱ་སོགས་བཏང་ཡོད་འདུག འོན་ཀྱང་ད་རེས་སུད་སི་གཞུང་གིས་རྒྱ་ནག་ནས་ཉོས་པའི་ཁ་རས་སོགས་ཀྱི་སྤུས་ཚད་ཐད་འགྲེལ་བཤད་གང་ཡང་བརྒྱབ་མེད་པ་དང་། ལྷག་དོན་ཇི་ནི་ཝ་དང་ལོའོ་སན་སོགས་མངའ་སྡེ་ཁག་ཅིག་ནང་རྒྱ་ནག་ནས་ཉོས་པའི་ཁ་རས་སོགས་བཀྲམས་ཚར་ཡོད་འདུག མི་འགྱངས་བར་མངའ་སྡེ་སོ་སོར་འགྲེམ་རྒྱུ་ཡིན་འདུག

གནས་ཚུལ་རྒྱས་པ་འདིར་གཟིགས།

 

ད་ལྟ་ཕྲུ་གུ་རྣམས་སྤོ་བོ་དང་རྨོ་མོའི་སར་འགྲོ་ཆོག་གི་ཡོད།

ནད་ཡམས་སྔོན་འགོག་བྱས་པ་ནས། སུད་སི་གཞུང་གིས་བྱིས་པ་ཆུང་ཆུང་རྣམས་སྤོ་བོ་དང་རྨོ་མོའི་སར་ཉར་མི་ཆོག་པ་དང་། གལ་སྲིད་གནས་ཚུལ་ཛ་དྲག་དབང་གིས་ཉར་དགོས་བྱུང་ཚེ་སྤོ་བོ་དང་རྨོ་མོ་ལ་སྨན་ཁང་གིས་བདེ་ཐང་ཡིན་པའི་དཔང་རྟགས་ཡིག་ཆ་དགོས་པའི་སྒྲིག་གཞི་སོགས་བཟོས་ཡོད་ཀྱང་། ཁ་སང་ཕྱི་ཚེས་༢༧ ཉིན་ནས་བཀའ་རྒྱ་དེ་ཕྱིར་འཐེན་གནང་ཡོད་འདུག

འདིའི་ཐད་སུད་སིའི་འཕྲོད་བསྟེན་བློན་ཆེན་གྱིས་འགྲེལ་བརྗོད་བྱས་དོན། ད་ལྟ་རྒྱལ་སྤྱིའི་ཐོག་ནད་ཡམས་ཀྱི་འཕེལ་རིམས་སྔ་ཕྱིར་ཞིབ་འཇུག་བྱས་པའི་གྲུབ་དོན་ལྟར་ན། བྱིས་པ་ཆུང་ཆུང་དང་ཕྲུ་གུ་ལོ་ན་༡༦ འོག་ལ་ནད་ཡམས་ཀྱི་ཉེན་ཁ་ཤིན་ཏུ་ཆུང་བའི་དཔང་རྟགས་གསལ་བོ་ཐོན་ཡོད་སྟབས། ཕྲུ་གུ་་ཚོར་ནད་ཡམས་ཀྱི་ཉེན་ཁ་ཆུང་བའི་དབང་གིས་སོ་སོའི་སྤོ་བོ་དང་རྨོ་མོའི་སར་ཉར་ཆོག་པ་དང་འགྲོ་སྐྱོད་ཆོག་པའི་ཐག་གཅོད་འདི་ལྟར་གནང་བ་ཡིན་ཚུལ་སོགས་འགྲེལ་བརྗོད་གནང་འདུག

 

སང་ཉིན་སུད་སི་གཞུང་གི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་འདུའི་ཐག་གཅོད་ལ་དོ་སྣང་དགོས

སང་ཉིན་ཏེ་ཟླ ༤ ཚེས་༢༩ ཉིན་སུད་སི་གཞུང་གིས་ནད་ཡམས་སྔོན་འགོག་ཆེད་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་གྲོས་མོལ་ག་རེ་ཡོང་མིན་ཐད་ད་ལྟ་སུད་སིའི་གསར་ལམ་ཁག་ནང་གླེང་སློང་སྣ་ཚོགས་བྱེད་ཀྱིན་ཡོད། ཉེ་བའི་ཚེས་༢༦ ནས་མེ་ཏོག་ཁྲོམ་ར་དང་། སྐྲ་བཞར་ཁང་སོགས་ཚོང་ཁང་ཁ་ཤས་ཤིག་བསྐྱར་དུ་སྒོ་ཕྱེས་ཆོག་པ་བཟོས་པ་ནས། ལས་རིགས་ཁག་ཅིག་ལ་ཀུན་གསབ་རག་མིན་ཐད་རྩོད་གླེང་སྣ་ཚོགས་ཡོང་གི་ཡོད། གཞན་སློབ་གྲྭ་ཁག་ཟླ་༥ ཚེས་༡༡ བར་དུ་དྲ་ཐོག་ནས་སློབ་ཚན་གོ་སྒྲིག་ཞུ་དགོས་པ་བྱས་ཡོད་ཀྱང་། ཟླ་༥་ཚེས་༡༡ རྗེས་སུ་སློབ་གྲྭ་གང་དག་བསྐྱར་དུ་ནམ་རྒྱུན་ལྟར་འཚོག་ཆོག་པ་དང་། གང་དག་འཚོག་མི་ཆོག་པའི་སྐོར་གསལ་བཤད་མེད་པས། སོང་ཉིན་དེ་དག་སྐོར་ལ་གསལ་བཤད་དང་། གཞུང་གི་ནད་ཡམས་སྔོན་འགོག་སྲིད་བྱུས་གསར་པ་ཁྱབ་བསྒྲགས་གནང་གི་ཡོད་སྟབས། ཚང་མས་དོ་སྣང་བྱ་རྒྱུ་གལ།

རྒྱས་པ་འདིར་གཟིགས།

གནས་ཚུལ་སྒྱུར་སྒྲིག་པ། ཙ་ཡུས་ཕུན་ཚོགས།

 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 4 སྡོམས་རོགས།