སུད་སི་རྒྱལ་ས་སྦན་ནས་གྲོང་ཁྱེར་ཇེ་ནི་ཝ་བར་བོད་དོན་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དབུ་འཛུགས་གནང་།

ཉེ་ལམ་རྒྱ་ནག་ཝུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་རིམས་རྐྱེན་པས་མང་ཚོགས་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་བ་དང་། རྒྱ་དཀར་ནག་གཉིས་དབར་ བོད་ས་ཧབ་ཐོབ་དོན་རྐྱེན་གནད་དོན་བྱུང་ཁག་བཅས་དང་འབྲེལ་ནས་ཉེ་ཆར་འཛམ་གླིང་གང་སར་གནས་སྡོད་བོད་མི་ཚོགས་སྒེར་ཁག་གིས་གཅིག་རྗེས་གཉིས་མཐུད་ཀྱིས་ལས་འགུལ་འདྲ་མིན་སྤེལ་བཞིན་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༢༥ ཉིན་གྱི་སྔ་དྲོ་སླར་ཡང་སུད་སིར་གནས་སྡོད་བོད་མི་དང་བླངས་པ་བཞི་དང་ཡོ་རོབ་ཨོ་སི་ཊེ་རིཡ་ནས་གཉིས་བཅས་ཀྱིས་སུད་སི་རྒྱལ་ས་སྦན་ནས་གྲོང་ཁྱེར་ཇེ་ནི་ཝ་བར་བོད་དོན་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དབུ་འཛུགས་གནང་སོང་།

ཐེངས་འདིའི་བོད་དོན་ལས་འགུལ་ནི་སུད་སི་རྒྱལ་ས་སྦན་ནས་ཡིན་པ་བོད་མི་བློ་བཟང་དར་རྒྱས་ལགས་དང་རྡོ་རྗེ་དངོས་གྲུབ་ལགས། ཛུ་རིག་གནས་སྡོད་བསྟན་རྣམ་ལགས། དེ་བཞིན་ཨ་རའོ་གནས་སྡོད་བཀྲིས་ལགས་བཅས་བོད་མི་དང་བླངས་པ་བཞི་དང་ཡོ་རོབ་ཨོ་སི་ཊེ་རིཡནས་ཡིན་པའི་ཨ་ཅག་ཚེ་བརྟན་ཆོས་སྒྲོན་དང་ཁོང་གི་བུ་མོ་རིན་ཆེན་དཔལ་མོ་བཅས་ རྒྱལ་ས་སྦན་དུ་རྟེན་གཞི་བྱས་པའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་མདུན་ངོས་ནས་དེ་རིང་སྔ་དྲོར་དབུ་འཛུགས་གནང་ཡོད་པ་རེད།

ལས་འགུལ་གྱི་དམིགས་ཡུལ་གཙོ་བོ་ནི་ཉིན་གྲངས་ལྔའི་རིང་གོམ་བགྲོད་དུས་ཡུན་རིང་བོད་དོན་གོམ་བགྲོད་པ་རྣམས་ནས་རྒྱལ་སྤྱིའི་མང་ཚོགས་ལ་བོད་ནང་གི་དངོས་ཡོད་གནས་ཚུལ་སྤྱི་དང་སྒོས་སུད་སི་དང་རྒྱལ་སྤྱིའི་རྒྱལ་གཞུང་སྒེར་ཚོགས་སྡེ་ཁག་ལ་རྒྱ་ནག་ཝུ་ཧན་ནས་ཁྱབ་གདལ་སོང་བའི་ཏོག་དབྱིབས་གཉན་རིམས་རྐྱེན་པས་གོ་ལའི་ཁྱོན་ཡོངས་སུ་འགྲོ་བ་མི་སྟོང་ཕྲག་མང་པོའི་ཚེ་ཤོར་བའི་འགན་ཡོངས་རྫོགས་རྒྱ་གཞུང་ལ་འཁུར་བཅུག་ནས་རྒྱ་ནག་གི་ཅ་དངོས་ཉོ་ཚོང་མཚམས་འཇོག་གནང་དགོས་པ་མ་ཟད། རྒྱ་ནག་གཞུང་གིས་སིམ་འཛུལ་ངང་སུད་སི་རྒྱལ་ཁབ་ཀྱི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་ལྟ་གྲུབ་རྡོག་རོལ་གཏོང་བཞིན་པར་སུད་སི་གཞུང་ནས་དེར་ཐུགས་སྣང་གང་གཟབ་གནང་དགོས་པ་བཅས་དོན་ཚན་བཞི་ཅན་དགོས་འདུན་ཐོག་ནས་གནང་ཡོད་པ་རེད།

ཐེངས་འདིའི་ཉིན་གྲངས་ལྔའི་རིང་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་ཁྲོད་ལས་འགུལ་བ་རྣམས་ནས་སུད་སི་རྒྱལ་ས་སྦན་ནས་གྲོང་ཁྱེར་ཕི་རེས་སྦུག་དང་ལུ་ཛན། དེ་བཞིན་ཇེ་ནི་ཝ་བཅས་གྲོང་ཁྱེར་ཆེ་ཁག་བཞིར་གོམ་བགྲོད་གནང་སྟེ་མཐར་ཕྱི་ཚེས་ ༣༠ ཉིན་ཇེ་ནི་ཝའི་རྒྱལ་ཚོགས་མདུན་དུ་མཇུག་སྒྲིལ་གནང་རྒྱུ་ཡིན་པ་རེད། སྦན་ནས་ལེ་བར་ ༡༥ ཙམ་ཕྱིན་རྗེས་ས་གནས་ཛུ་རིག་ཚོགས་ཆུང་གི་ཉིན་གུང་ཞལ་ལགས་དང་གསོལ་ཇ་ ལམ་བར་འགྲོ་སོང་སུད་སྒོར་ ༢༠༠ དང་མཇལ་དར་ཨ་ཤི་བཅས་ཀྱི་སྐྱེལ་མ་ཞུས་སོང།

རྩ་བའི་ད་ལན་རྒྱ་ནག་ཝུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་རིམས་དང་འབྲེལ་ཟླ་བ་སྔོན་མར་སུད་སི་ནང་གནས་སྡོད་ཚེ་རིང་དབང་འདུས་ལགས་ཀྱིས་སུད་སི་གྲོང་ཁྱེར་ཝིན་ཐེར་ཐུར་ནས་ཇེ་ནི་ཝ་བར་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་སྤེལ་གནང་རྗེས་ད་ལན་སླར་ཡང་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བ་འདི་བོད་མི་སྒེར་གྱིས་གོམ་བགྲོད་ཀྱི་ལས་འགུལ་ཐེངས་གཉིས་པ་ཆགས་ཀྱི་ཡོད་པ་རེད།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 9 སྡོམས་རོགས།