སུད་སི་མདོ་ཁམས་ཆུ་སྒང་གི་དུས་དྲན་སྲུང་རྩིའི་སྐོར།
༄། ཕྱི་ལོ་༢༠༡༣ ཟླ་༦ ཚེས་ ༨ རེས་གཟའ་སྤེན་པ་ཉིན་མོར་མདོ་ཁམས་ཆུ་སྒང་བསྟན་སྲུང་དྭངས་བླང་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་༥༥ འཁོར་བའི་གལ་ཆེ་བའི་ཉི་མོ་ཞིག་ལ་སུད་སིར་གནས་བཞུགས་མདོ་ཁམས་ཀྱི་སྤུན་ཟླ་རྣམ་པས་དུས་དྲན་སྲུང་བརྩིས་ཞུས་ཡོད། དེའི་ཉིན་ཞོགས་པ་ཆུ་ཚོད་༩:༠༠ ཐོག་རི་ཀོན་དགོན་པའི་སྐྱབས་གནས་མཁན་རིན་པོ་ཆེ་དབུས་དགེ་འདུན་རྣམ་པ། བཀུར་འོས་དཔལ་ལྡན་སྤྱི་ཟུར་རྣམ་པ། སྐུ་ངོ་དོན་གཅོད་མཆོག མི་མང་ཚོགས་གཙོ། ཆོལ་ཁ་སོ་སོའི་ཚོགས་གཙོ་རྣམ་པ། གཞོན་ནུ་དང་བུད་མེད་ཀྱི་ཚོགས་གཙོ་སོགས་ཆོལ་གསུམ་བོད་རིགས་མི་མང་བརྒྱ་ལྷག་ཙམ་འདུ་འཛོམས་བྱུང་ཡོད། དང་པོ་སྤོས་སྣེ་རྒྱ་གླིང་དང་བཅས་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་འདྲེན་ཞུས་ཏེ་བཞུགས་ཁྲིར་མངའ་གསོལ་ཞིང་ས་གནས་ཆུ་སྒང་ཚོགས་གཙོ་འོ་ཆུ་ཚང་བློ་བཟང་ལགས་ནས་མཎྜལ་རྟེན་དོད་འདེགས་འབུལ་དང་རིམ་བཞིན་འབྲེལ་ཡོད་རྣམ་པས་མཇལ་དར་ཕུལ། འབྲས་སིལ་གྲོ་མ་དང་གསོལ་ཇ་བཞེས། བོད་རྒྱལ་ཁབ་དང་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ཨ་འབྲུག་མགོན་པོ་བཀྲིས་དབུ་ཁྲིད་པའི་འོག་མདོ་ཁམས་ཀྱི་དཔའ་བོ་ཁྱུ་གཅིག་གཙོས་བོད་དོན་ཆེད་འདས་གྲོངས་སུ་གྱུར་པ་རྣམས་དང་། ཉེ་བའི་ཆར་སྐུ་ལུས་མེར་སྲེག་བཏང་གནང་བའི་དཔའ་བོ་དཔའ་མོ་རྣམ་པའི་ཆེད་དུ་དགེ་འདུན་པ་རྣམ་པ་གཙོས་མང་ཚོགས་ནས་བླ་མཆོད་ཚོགས་འཁོར་དང་འབྲེལ་བའི་སྨོན་ལམ་དང་མཆོད་འབུལ་ཟབ་རྒྱས་ཞུས་པ་དང་། དེའི་རྗེས་སྐུ་གཤེགས་དཔའ་བོ་དཔའ་མོ་རྣམ་པའི་ཆེད་དུ་མྱ་ངན་གུས་བཏུད་སྐར་ཆ་ལྔ་ཙམ་བྱས་རྗེས་ཆུ་སྒང་ཚོགས་གཙོས་དུས་དྲན་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་གནང་། དེའི་རྗེས་རི་དཀོན་མཁན་རིན་པོ་ཆེ་དང་དོན་གཅོད་སྐུ་ངོ་མཆོག །མི་མང་ཚོགས་གཙོ། ས་གནས་ཆུ་སྒང་ཚོགས་གཙོ་ཟུར་པ་བཅས་ནས་རིམ་བཞིན་གསུངས་བཤད་གནང་། ཆུ་སྒང་ས་རྒྱུན་དཀོན་མཆོག་བསྟན་འཛིན་ནས་ཆུ་སྒང་དུས་དྲན་༥༥ པའི་དབུས་ཆུ་སྒང་གི་ཡོངས་ཁྱབ་གསུང་འཕྲིན་གསལ་བསྒྲགས་བྱས། ཆུ་སྒང་ས་རྒྱུན་ཚོགས་གཙོ་བློ་བཟང་ལགས་ནས་ཐུགས་རྗེ་ཆེ་ཞེས་མཇུག་བསྡུའི་གསུང་བཤད་གནང་། དེའི་རྗེས་རླུང་རྟ་སྒྲོན་འབུལ་དང་དཀར་ཕྱོགས་ཀྱི་ལྷ་རྣམས་ལ་བསང་གསོལ་དང་འབྲེལ་བའི་ཀི་སྭོ་ལྷ་རྒྱལ་གྲུབ་རྗེས་སྐུ་མགྲོན་དང་མི་མང་རྣམ་པ་ཞལ་ལག་མཆོད་ནས་མཛད་སྒོ་ལེགས་གྲུབ་བྱས།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།