སུད་སི་ནང་ཟླ ༥ ཚེས་༡༡ ནས་སློབ་གྲྭ་དང་ཟ་ཁང་སོགས་བསྐྱར་དུ་སྒོ་ཕྱེ་ཆོག
དེ་རིང་གཟའ་ལྷག་པའི་ཉིན་རྒྱབ་ཆུ་ཚོད་༢ ཐོག་སུད་སི་གཞུང་གིས་ཐེངས་གཉིས་པའི་ནད་ཡམས་སྔོན་འགོག་བཀའ་ཁྱབ་བསྒྲགས་པའི་ནང་། ཟླ ༥་ཚེས་༡༡ ནས་ནད་ཡམས་སྔོན་འགོག་དང་བཀག་སྡོམ་སྲིད་བྱུས་ཇེ་ལྷོད་དུ་བཏང་སྟེ། ཟ་ཁང་དང་། ཚོང་ཁང་། ལུས་རྩལ་ཁང་། སློབ་གྲྭ་ཆུང་འབྲིང་སོགས་བསྐྱར་དུ་སྒོ་ཕྱེ་ཆོག་པའི་བཀའ་ཁྱབ་གནང་སོང་། འོན་ཀྱང་རྒྱལ་མཚམས་ཁག་དང་། དུས་ཆེན་སྲུང་བརྩིའི་མཛད་སྒོ་སོགས་བྱེད་སྒོ་ཁག་ཅིག་ད་དུང་མུ་མཐུད་སྤྱི་ཟླ་༨ ཟླ་མཇུག་བར་བཀག་སྡོམ་རྒྱུན་སྐྱོང་དགོས་ཀྱི་ཡོད་འདུག གཤམ་དུ་དེ་རིང་གཞུང་གིས་ཐག་གཅོད་བཀའ་རྒྱའི་ནང་དོན་ཁག་མདོར་དྲིལ་ཏེ་བཀོད་ཡོད།
- ༡ ཚོང་ཁང་།ཟ་ཁང་།བསྡེབས་ཚོང་ཁང་།འགྲེམ་སྟོན་ཁང་།དཔེ་མཛོད་ཁང་སོགས་བསྐྱར་དུ་སྒོ་ཕྱེ་ཆོག
- ༢ སློབ་ཆུང་དང་སློབ་འབྲིང་གཉིས་དུས་རྒྱུན་ལྟར་བསྐྱར་དུ་འཚོག་ཆོག
- ༣ ལུས་རྩལ་རྭ་བ། ལུས་རྩལ་ཁང་སོགས་བསྐྱར་དུ་སྒོ་ཕྱེ་ཆོག
- ༤ མེ་འཁོར་དང་སྤྱི་སྤྱོད་རླངས་འཁོར་སོགས་སྤྱི་སྤྱོད་འགྲིམ་འགྲུལ་རྒྱུན་ལྡན་ལྟར་བྱ་ཆོག
- ༥ རྒྱལ་ཁོངས་སུ་ལས་ཞུགས་ཆེད་ཡོང་མཁན་དང་། ནང་མི་ཟླ་སྒྲིལ་བཅས་ཀྱི་བཀག་སྡོམ་སྒྲིག་གཞི་ཇེ་ལྷོད་དུ་གཏོང་རྒྱུ།
- ༦ ཟླ་༨ པའི་ཟླ་མཇུག་བར་མི་གྲངས་གཅིག་སྟོང་ལས་བརྒལ་བའི་བྱེད་སྒོ་ཁག་སྤེལ་མི་ཆོག
གོང་དུ་ལས་ཞུགས་ཆེད་སུད་སིའི་ནང་ཡོང་མཁན་རྣམས་ལ་བཀག་སྡོམ་ལྷོད་གཏོང་རྒྱུ། ཞེས་པ་ནི་ཡུ་རོབ་ཁུལ་ནས་སུད་སི་ནང་ལས་ཀ་བྱེད་དུ་ཡོང་མཁན་རྣམས་ལ་བཀག་སྡོམ་ལྷོད་ཡང་དུ་གཏོང་རྒྱུ་ཡིན་པ་ལ་གོ་དགོས་ཀྱི་ཡོད་འདུག གཞན་རྒྱལ་མཚམས་ཞིབ་བཤེར་གཟབ་ནན་སྔར་བཞིན་བྱ་རྒྱུ་དང་། སྒེར་དོན་ཆེད་རྒྱལ་མཚམས་བརྒལ་རྒྱུ་བཅས་སྔར་བཞིན་བཀག་འགོག་གནང་རྒྱུ་ཡིན་འདུག དུས་རྒྱུན་མི་ལྔ་ལས་འདུ་འཛོམས་མི་ཆོག་པ་དང་། རྒྱང་སྐྱེད་བར་ཐག་ལ་སྨི་༢ འཇོག་དགོས་པ། དུས་རྒྱུན་འཕྲོད་བསྟེན་གཟབ་ནན་དང་ལྷོད་ཡངས་གཏོང་མི་ཆོག་པ་བཅས་ཀྱི་བཀའ་རྒྱ་སྔར་བཞིན་གནས་མུས་ཡིན་འདུག
ལས་ཀར་ཞུགས་སྐབས་ཀྱང་དེ་བཞིན་རྒྱང་སྐྱེད་བར་ཐག་འཇོག་པ་དང་། ཁ་རས་གྱོན་པ། (ཡིན་གཅིག་མིན་གཉིས་གྱོན་དགོས་པ་མེད།) ལག་པ་འཁྲུ་དགོས་པ་བཅས་ངེས་པར་བྱ་དགོས་ཀྱི་ཡོད་འདུག་པ་མ་ཟད། སློབ་ཆུང་གི་སློབ་ཕྲུག་དང་སློབ་འབྲིང་གི་སློབ་ཕྲུག་བཅས་ཀྱིས་ཁ་རས་གྱོན་དགོས་མིན་ཐད། མངའ་སྡེ་སོ་སོའི་ཐག་གཅོད་ལྟར་གནང་ན་ཆོག་གི་ཡོད་འདུག
སུད་སི་གཞུང་གི་ནད་ཡམས་སྔོན་འགོག་བཀའ་ཁྱབ་ཐེངས་གསུམ་པ་ཟླ་༦ ཚེས་༨ སྔོན་ཚུལ་ཁྱབ་བསྒྲགས་གནང་རྒྱུ་ཡིན་འདུག་པས། དེ་དོན་ཐུགས་སྣང་གནང་གལ།
གནས་ཚུལ་སྒྱུར་སྒྲིག་པ། ཙ་ཡུས་ཕུན་ཚོགས།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།