སུད་སི་དང་ལོག་ཏེན་སཊ་ཡན་བོད་རིགས་མི་མང་གིིིས་འཁྲུངས་སྐར་སྲུང་བརྩི་ཞུས།

སྤྱི་ལོ་༢༠༡༩ལོའི་ཟླ་༧ཚེས་༦ཉིན་ཞོགས་པའི་ཆུ་ཚོད་དགུ་དང་ཕྱེད་ཀའི་སྟེང་རེ་ཀོན་ཆོས་འཁོར་དགོན་གྱི་དགེ་འདུན་རྣམ་པ་གཙོས་ཕྱི་ནང་གི་སྐུ་མགྲོན་དང་མཛད་གཙོ་རྣམས་ནས་༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་བཞུགས་ཁྲིར་གདན་འདྲེན་ཞུས་སོང་བ་དང་སྦྲགས་སྐུ་པར་མཐོང་གྲོལ་རིན་པོ་ཆེར་ཁ་བཏགས་སྒྲོན་རྗེས་མཁན་བླ་དགེ་འདུན་པའི་དབུས་མང་ཚོགས་ནས་རྒྱལ་བའི་ཞབས་བརྟན་གསོལ་འདེབས་དང་སྨོན་ལམ་སོགས་གསུང་འདོན་གནང་སོང་།

ཞོགས་པའི་ཆུ་ཚོད་བཅུ་དང་ཕྱེད་ཀའི་སྟེང་མི་མང་ནས་བཞུགས་ཁྲི་རིན་པོ་ཆེར་ཁ་བཏགས་སྒྲོན་རྗེས་དགོན་པའི་མདུན་ཐང་ནས་རེ་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་གཙོས་དགེ་འདུན་པ་རྣམས་པས་བསང་གསོལ་བཏང་བ་སོགས་ཆོས་ཕྱོགས་ཀྱི་འཁྲུངས་སྐར་གྱི་མཛད་སྒོ་མཇུག་སྒྲིལ་ཡོད་པ་་དང་ཉིན་གུང་ཆུ་ཚོད་བཅུ་གཉིས་དང་ཕྱེད་ཀའི་སྟེང་ཨོཡེ་ལ་ཧི་ EulachHallen ཚོགས་ཁང་ཆེན་པོའི་ནང་མི་མང་ཉིས་སྟོང་ཙམ་མཉམ་འཛོམས་ཀྱིས་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་དང་། ཐེངས་འདིའི་སྐུ་མགྲོན་གཙོ་བོ་དཔལ་ལྷན་སྐུ་ཚབ་དོན་གཅོད་སྐུ་ངོ་འཆི་མེད་རིག་འཛིན་མཆོག་གཙོ་དགེ་འདུན་རྣམ་པ་དང་ཕྱི་ནང་གི་སྐུ་མགྲོན་རྣམས་སྡིང་ཆའི་ཐོག་སྐུ་བཞེངས་ཐོག་མི་མང་ཟློས་གར་ཚོགས་པས་དབུ་ཁྲིད་དེ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་རྗེས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་མྱ་ངན་གུས་མདུད་མཚོན་ཆེད་ངག་བཅད་སྐར་མ་གཅིག་རིང་གནང་སོང་།
སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་མཚམས་མདའ་ནོར་བུ་ལགས་ཀྱིས་མཛད་སྒོ་དུས་དྲན་གྱི་གཏམ་བཤད་གནང་རྗེས་ཆོལ་གསུམ་ཟློས་གར་ཚོགས་པ་དང་བོད་ཡིག་སློབ་གྲྭའི་སློབ་མ་ཚོས་གཞས་སྣ་གཟིགས་འབུལ་གནང་སོང་།
དེ་རིང་མཛད་སྒོའི་ཐོག་སྐུ་ཚབ་དོན་གཅོད་སྐུ་ངོ་འཆི་མེད་རིག་འཛིན་ལགས་ཀྱིས་བཀའ་ཤག་གི་གསུང་འཕྲིན་ལྗགས་ཀློག་གནང་བ་དང་ཡོ་རོབ་སྤྱི་འཐུས་ཟམ་མདོ་བྱམས་པ་མཆོག་ནས་སྤྱི་འཐུས་ལྷན་ཁང་གི་གསུང་འཕྲིན་ལྗགས་ཀློག་གནང་སོང་ལ་དེ་བཞིན་སུད་བོད་མཛའ་འབྲེལ་ཚོགས་པའི་དྲུང་ཡིག་སྐུ་ཞབས་ཐོ་མ་སི་བྷོ་ཁི་ལར་Mr. Thomas Büchli ལགས་ཀྱིས་སྐུའི་འཁྲུངས་སྐར་དང་འབྲེལ་བའི་གསུང་བཤད་གནང་སོང་།

ཕྱི་དྲོའི་གསོལ་ཚིགས་བར་གསེང་གི་རྗེས་ཐེངས་འདིའི་དམིགས་བསལ་གྱི་སྐུ་མགྲོན་དང་སུད་སི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོབ་ཚོགས་པའི་ཚོགས་མི་སྐུ་ཞབས་རྒུའུ་རྒར་ Mr. Niklaus Gugger དང་སུད་སི་གྲོས་ཚོགས་ཀྱི་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་མོའོ་ལེ་ནཱ་ Mr. Fabian Molina རྣམ་གཉིས་ཀྱིས་འཁྲུངས་སྐར་དང་འབྲེལ་བའི་མཚམས་འདྲིའི་གསུང་བཤད་གནང་།

མཇུག་ཏུ་བོད་རིགས་ཚོགས་པའི་ཚོགས་གཞོན་ཕྱོགས་ཤམ་པ་ཕུན་ཚོགས་ལགས་ཀྱིས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་གཙོས་དམིགས་བསལ་སྐུ་མགྲོན་རྣམས་ལ་ཐུགས་རྗེ་ཆེ་ལེགས་འབུལ་གྱི་གཏམ་གནང་རྗེས་དགོང་མོའི་ཆུ་ཚོད་བཅུ་གཅིག་མ་ཟིན་ལ་འཁྲུངས་སྐར་གྱི་མཛད་སྒོ་བདེ་ལེགས་ངང་མཇུག་སྒྲིལ་སོང་།

སྤྱི་ཟླ་༧ཚེས་༦ཉིན་འཛམ་གླིང་གི་གང་སར་བཞུགས་པའི་བོད་མི་རྣམ་གཙོས་མི་མང་ཁྲི་སྟོང་མང་པོས་་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་སྲུང་བརྩི་བྱེད་ཀྱི་ཡོད་རེད་འདུག
ཡུམ་སྐྱབས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 2 སྡོམས་རོགས།