སུད་སི་གཞུང་གིས་ནད་ཡམས་སྔོན་འགོག་ཤུགས་ཆེ་རུ་གཏོང་དགོས་ཀྱི་འདུག་གམ།  

སུད་སི་གནས་འཕྲིན་གྱི་བརྙན་འཕྲིན་མཐུན་ཚོགས (SBC) ཀྱི་ཉམས་ཞིབ་སྡེ་ཁག་ Stomo reseach institute གིས་ཕྱི་ཚེས་༢༡ ཉིན་ནས་༢༣ བར་དྲ་ཐོག་ནས་མི་མང་ལ་ད་ལྟའི་སུད་སི་གཞུང་གི་ཏོག་དབྱིབས་ནད་ཡམས་སྟངས་འཛིན་བྱེད་སྟངས་ཐད་བསམ་ཚུལ་བསྡུ་རུབ་བྱས་པའི་འབྲས་བུར། དྲ་ཐོག་དེར་བསམ་ཚུལ་འདོན་མཁན་བརྒྱ་ཆ་༤༢ ལྷག་གིས་ད་ལྟའི་སུད་སི་གཞུང་གི་སྟངས་འཛིན་བྱེད་སྟངས་ལ་ལྷོད་ཡང་ཤོར་གྱིན་ཡོད་པ་དང་། སུད་སི་གཞུང་གིས་ད་དུང་རྒྱལ་མཚམས་དང་། གྲོང་ཁྱེར། ལས་སྒོ་ཁག་གི་ལས་ཞུགས་ཉུང་འཕྲི་བྱས་ཏེ་དམ་དྲག་ཆེ་རུ་གཏོང་དགོས་པའི་བསམ་ཚུལ་འདོན་ཀྱིན་ཡོད་པ་དང་། བསམ་ཚུལ་འདོན་མཁན་བརྒྱ་ཆ་༥༤ ལྷག་གིས། ད་ལྟའི་གཞུང་གི་སྟངས་འཛིན་བྱེད་སྟངས་ལ་མོས་མཐུན་ཡོད་ཅིང་། གཞུང་གིས་མི་མང་གི་འགྲོ་འོང་བཀག་སྡོམ་ཤུགས་ཆེར་མི་གཏོང་བར་རང་དབང་གི་གདམ་ཀ་སྤྲོད་དགོས་པའི་བསམ་ཚུལ་འདོན་གྱིན་ཡོད་འདུག

སུད་སི་གཞུང་གིས་ནད་ཡམས་སྟངས་འཛིན་བྱ་ཆེད། སུད་སི་རྒྱལ་ཡོངས་ཀྱི་སློབ་གྲྭ་ཁག་དང་། ཟ་ཁང་། ལུས་རྩལ། དུས་སྟོན་འདུ་འཚོམས་སོགས་ལས་མཚམས་བཞགས་ཤིང་། སྲིང་ལམ་དུ་མི་ལྔ་ལས་འདུ་འཛོམས་དང་འགྲོ་འོང་བྱ་མི་ཆོག་པའི་བཀའ་རྒྱ་གཏོང་སྟེ་ཉིན་བཅུ་ལྷག་སོང་བའི་རིང་། མི་མང་ཁྲོད་གཞུང་གི་ནད་ཡམས་སྔོན་འགོག་སྲུད་བྱུས་ལ་བསམ་ཚུལ་འདོན་མཁན་ཤུགས་ཆེན་སླེབས་བཞིན་ཡོད། རྩ་བའི་ཆ་ནས་སུད་སི་གཞུང་གིས་ནད་ཡམས་སྔོན་འགོག་ཆེད་དམ་དྲག་བྱ་རྒྱུ་འཕྱི་དྲག་ཡོད་པ་མ་ཟད། ད་ལྟ་དམ་དྲག་ཤུགས་ཆེ་རུ་གཏོང་ཡང་ངེས་ཕན་མི་ཡོང་བའི་བསམ་ཚུལ་འདོན་མཁན་མང་པོ་འབྱུང་བཞིན་ཡོད། ཡང་མི་མང་ཁག་ཅིག་གིས་སུད་སིའི་གཞུང་གིས་ནད་ཡམས་སྔོན་འགོག་ཆེད་དམ་དྲག་ཅུང་བྱེད་བཞིན་པ་ནི་མི་འོས་པ་ཞིག་ཡིན་པ་དང་། ནད་ཡམས་ཀྱི་མདུན་དུ་རང་སྲུང་རང་བདག་བྱ་རྒྱུ་ནི་མི་མང་སོ་སོའི་གདམ་ཀ་ཞིག་ཡིན་པ་ལས། གཞུང་གི་བཀའ་རྒྱ་ལ་བལྟ་དགོས་དོན་མི་འདུག དེ་བས་སུད་སི་གཞུང་གིས་མི་མང་གི་རང་ཐག་རང་གཅོད་ལ་རང་དབང་སྤྲོད་དགོས་པའི་བསམ་ཚུལ་འདོན་མཁན་ཀྱང་འབྱུང་བཞིན་ཡོད་འདུག

སུད་སིའི་སྡེ་ཁག་འདྲ་མིན་གྱི་གསར་འགོད་པ་ཚོས་མི་མང་མང་པོར་ནད་ཡམས་སྔོན་འགོག་གི་སྲིད་བྱུས་ཐད་གཞུང་ལ་ཡིད་ཆེས་ཡོད་མེད་དང་། མ་འོངས་པར་ནད་ཡམས་ཀྱི་གནས་སྟངས་ག་འདྲ་ལྷག་མིན་བཅས་ཀྱི་ཐད་བཅར་འདྲི་བླངས་པའི་ནང་། མི་མང་བརྒྱ་ཆ་༦༠ ལྷག་གིས་བསམ་ཚུལ་འདོན་ཕྱོགས་ལྟར་ན། མ་འོངས་པར་ཟླ་གཅིག་དང་གཉིས་རིང་ནད་ཡམས་གྱི་ཛ་དྲག་གནས་ཚུལ་རང་བཞིན་གྱིས་ཞི་འགྲོ་བའི་ཡིད་ཆེས་བྱེད་བཞིན་ཡོད་པ་དང་། གཞུང་གི་ནད་ཡམས་སྔོན་འགོག་ཆེད་དམ་དྲག་ཆེ་རུ་གཏོང་ཡང་ཕན་ཐོག་ཆེར་མི་ཡོང་བ་མ་ཟད། ལས་ཁང་ཁག་སྒོ་བརྒྱབ་པ་དང་། བཟོ་གྲྭ་ཁག་སྒོ་བརྒྱབ་ཚེ། མི་མང་གི་ཉིན་རེའི་འཚོ་བར་དོ་ཕོག་ཆེན་པོ་བྱུང་སྟེ། ལྡོག་ཕྱོགས་ཀྱི་ནུས་པ་ཡོང་སྲིད་པ་མ་ཟད།  ནད་ཡམས་སྔོན་འགོག་ལའང་དམིགས་བསལ་ཕན་ཐོག་མི་ཡོང་པའི་བསམ་ཚུལ་འདོན་བཞིན་ཡོད་འདུག མི་མང་བརྒྱ་ཆ་༤༠ ཙམ་གྱི་ནད་ཡམས་ཀྱི་གནས་སྟངས་མགྱོགས་པོ་ཐག་གཅོད་དཀའ་བས། གཞུང་དང་མི་མང་གིས་སྡུག་ས་ནས་གྲ་སྒྲིག་དགོས་པའི་བསམ་ཚུལ་འདོན་ཀྱིན་ཡོད་ཅིང་། གང་མགྱོགས་ནད་ཡམས་ཡམས་སྔོན་འགོག་ཆེད་དམ་དྲག་མ་གནང་ཚེ་དཀའ་ངལ་ཆེན་པོ་འཕྲད་སྲིད་པ་དང་། གཞུང་གི་ད་ལྟའི་གནང་སྟངས་ལ་བལྟས་ན་ནད་ཡམས་སྔོན་འགོག་འཐུས་ཤོར་འགྲོ་ཡི་ཡོད་པའི་བསམ་ཚུལ་ཡོང་གི་ཡོད་འདུག

གོང་གི་གསར་འགོད་པ་ཚོས་བཅར་འདྲི་བྱས་པའི་མི་མང་རྣམས་ལ་ས་ཁུལ་ཕྱོགས་བསྒོས་ཀྱི་སྒོ་ནས་བརྗོད་ན། འཇར་མན་སྐད་ཡིག་བེད་སྤྱོད་གཏོང་བཞིན་པའི་མངའ་སྡེ་ཁག་གིས་སུད་སི་གཞུང་དང་གཞུང་གི་ནད་ཡམས་སྔོན་འགོག་བྱེད་སྟངས་ལ་ཡིད་ཆེས་བྱེད་མཁན་མང་བ་མ་ཟད། ནད་ཡམས་ཀྱི་གནས་སྟངས་གང་མགྱོགས་ཡག་ཏུ་ཡོང་བའི་རེ་བ་བྱེད་ཀྱིན་ཡོད།  ཨེ་ཊ་ལིའི་ས་མཚམས་ཁུལ་གྱི་མངའ་སྡེ་ཁག་དང་ཧྥ་རན་སིའི་སྐད་ཡིག་བེད་སྤྱོད་གཏོང་བཞིན་པའི་མངའ་ཁུལ་གྱི་མི་མང་རྣམས་ཀྱིས། སུད་སིའི་གཞུང་གི་ནད་ཡམས་སྔོན་འགོག་སྲིད་བྱུས་ལ་འདོད་པ་མ་ཁེངས་པ་ཡོང་བཞིན་ཡོད་ཅིང་། གཞུང་གི་སྨན་བཅོས་དང་སྨན་ཁང་གོ་སྒྲིག་སོགས་ལ་འཐུས་ཤོར་གཏོང་བཞིན་པའི་བསམ་ཚུལ་ཡོང་བཞིན་ཡོད་འདུག་པ་མ་ཟད། ནད་ཡམས་ཀྱི་གནས་སྟངས་མུ་མཐུད་ལྷག་ངེས་པའི་བསམ་ཚུལ་འདོན་མཁན་མང་པོ་ཡོང་བཞིན་ཡོད་འདུག

གསར་འགོད་པ། ཙ་ཡུས་ཕུན་ཚོགས།

 

གོང་བཀོད་གནས་ཚུལ་འདི་ནི་སུད་སིའི་གནས་འཕྲིན་swissinfo རྒྱ་ཡིག་དྲ་བ་གཙོས། གསར་ལམ་གཞན་ཁག་ཏུ་ལྟ་ཞིབ་བྱས་ཏེ་གནས་ཚུལ་སྙིང་བསྡུས་སུ་བྲིས།  

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 5 སྡོམས་རོགས།