སུད་སི་དང་ལིག་ཏེན་སིཊན་བོད་རིགས་མི་མང་གི་འཐུས་མིའི་ཚོགས་འདུ་དང་དང་བླངས་དཔྱ་ཁྲལ་སྐོར་གྱི་ཟབ་སྦྱོང་།
ཟླ་འདིའི་ཕྱི་ཚེས་གཅིག་ཉིན་ཙོ་རུག་ས་གནས་སུ་སུད་སི་དང་ལིག་ཏེན་སིཊན་བོད་རིགས་མི་མང་གི་འཐུས་མིའི་ཚོགས་འདུ་འཚོགས་དང་ཚོགས་ཐོག་ཏུ་ཚོགས་གཙོ་ཚོགས་གཞོན་གཙོས་ས་གནས་འཐུས་མི་ཁག་ཕེབས་ཡོད་པ་དང་།
ཐོག་མར་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་༧སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག་ཟླ་སྔོན་མའི་ཕྱི་ཚེས་ ༡༩ ཉིན་གློ་བུར་དུ་སྐུ་གཤེགས་པར་སྐར་མ་གཅིག་རིང་ངག་བཅད་གནང་པ་དང་དེ་ནས་སྐར་མ་བཅོ་ལྔ་རིང་ལ་ཞལ་འདོན་སྐྱོར་གནང་མཛད།ཚོགས་གཙོ་མཚམས་མདའ་ནོར་བུ་མཆོག་ནས་༧སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག་སུད་སི་དུ་མ་ཧཱ་གུ་རུའི་འབུམ་ཚོགས་ཐོག་ཆིབས་བསྒྱུར་སྐྱངས་ནས་ཕྱག་དབང་དང་བྱིན་རླབས་གནང་པ།དེ་ནས་བཀའ་སློབ་སྩལ་བར་བཀའ་དྲིན་ཆེན་པོ་ཡིན་སྐོར་འགྲེལ་བརྗོད་གནང་།
འཐུས་མིའི་ཚོགས་འདུའི་ཐོག་སྐབས་སྔོན་མའི་ཚིག་ཐོ་ལ་བསམ་འཆར་གནང་རྗེས་གཏན་འབེབས་གནང་པ་དང་ཚིག་ཐོ་འགོད་མཁན་ས་གནས་ཧོར་རྒན་གྱི་འཐུས་མི་བསྟན་འཛིན་དབང་འདུས་གསར་འདེམས་གནང་པ་དང་། ཚོགས་གཙོ་ནས་དྭང་བླངས་དཔྱ་ཁྲལ་གྱི་དངུལ་བསྡུས་ཚར་ནས་ས་གནས་སུ་མ་ཉེར་བར་མགྱོགས་པོར་དོན་གཅོད་ཁང་ལ་རྩིས་སྤྲོད་གནང་དགོས་པའི་འབོད་སྐུལ་གནང་།
འདི་ལོའི་གོང་ས་མཆོག་གི་ཆིབས་བསྒྱུར་གྱི་རྩིས་ཁྲ་གཏན་འབེབས་གནང་ཟིན་པ་དང་མགྱོགས་མྱུར་འཐུས་མི་ཚོར་རྩིས་ཁྲ་མཁོ་སྤྲོད་གནང་རྒྱུ་ཡིན་སྐོར་དང་།དེ་ནས་སྤྱི་ཟླ་༡༢་པའི་ཚེས་༨་ཉིན་འཚོགས་མཆར་ཡོད་པའི་ནོལ་བྷེལ་ཞི་བདེའི་ཉིན་མོ་དང་སུད་སིའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་བའི་མཛད་སྒོ་སྐོར་གྱི་ལས་འགན་དག་འཐུས་མི་ཚོར་མཆར་འགོད་གནང་། དེ་ནས་ཟླ་༡༢་པའི་ཚེས་༡༢་ཉིན་གྱི་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་གོམ་བགྲོད་སྐད་འབོད་སྐོར་ལ་འགྲེལ་བཤད་མདོར་བསྡུས་ཤིག་གནང་།
དེ་ནས་མི་མང་གི་ཚོགས་ཁང་གསར་རྒྱག་ཆེད་ཚོགས་ཆུང་འཛུགས་རྒྱུར་འཐུས་མི་ཚོས་མང་མོང་གཏན་འབེབས་གནང་། སུད་སི་དང་ལིག་ཏེན་སིཊན་བོད་རིགས་མི་མང་གི་རྒྱུན་གྲོན་ཆེད་དུ་མི་མང་ནས་ཟླ་རེར་མི་རེ་ནས་སུད་སྒོར་གཅིག་བསྡུ་དགོས་མིན་སྐོར་གྲོས་བསྡུར་གནང་།ཕྱི་དྲོར་ཕྱག་ཚོད་གཉིས་པའི་ཐོག་སུད་སི་སྐུ་ཚབ་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་དང་དོན་གཅོད་ལས་བྱེད་བསོད་ནམ་མཐར་ཕྱིན་མཆོག་གཉིས་ནས་རེ་སྐུལ་ཞུས་བ་བཞིན་དུ་དྭང་བླངས་དཕྱ་ཁྲལ་སྐོར་ལ་མཐུས་མི་ཚོར་ཟབ་སྦྱོང་སྤྲོད་གནང་མཛད།
སྐུ་ཚབ་མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱིས་བཀོད་སྒྲིག་གནང་བའི་ཕྱི་སྡོད་བོད་མིའི་མི་འབོར་ཞིབ་བཤེར་གྱི་གཞི་རིམ་ལམ་སྟོན་ལ་དང་འགེང་ཤོག་ལ་རེ་རེ་བཞིན་གསལ་བཤད་གནང་།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།