ལོ་ངོ་ཉེར་ལྔ་འཁོར་བའི་དམིགས་བསལ་དུས་སྟོན།

༄༅།    ཕྱི་ལོ་  ༢༠༡༥  ཟླ་  ༩  ཚེས་  ༢༦  རེས་གཟའ་སྤེན་པའི་ཉིན་ས་གནས་ཧོར་གྷན་གྲོང་སྡེའི་ཚོགས་ཁང་ནང། སུས་སི་བོད་རིགས་མངའ་རིས་སྐོར་གསུམ་མཐུན་ཚོགས་ཞེས་སྒྲིག་འཛུགས་འདི་ཆགས་ནས་མི་ལོ་ཧྲིལ་པོ་ཉེར་ལྔ་འཁོར་བ་དང། ཕྱི་ལོ་  ༡༩༩༥  ནས་མི་ལོ་བཅུ་དྲུག་རིང་བོད་གངས་དཀར་ཏི་སེ་ཉེ་འགྲམ་དར་ཆེན་དུ་སྨན་རྩིས་སློབ་གཉེར་ཁང་དང།  
ཕྱི་ལོ་  ༢༠༡༢  ནས་དེང་སང་བྱ་བཞིན་པའི་རྒྱ་གར་ས་གནས་ཨོ་རྡི་ཤཱ་པུན་ཚོགས་ཚོགས་གླིང་བོད་མིའི་གཞིས་ཆགས་ཀྱི་ཉིན་སློབ་ཉལ་ཁང་བཅས་ཤེས་ཡོན་དང་འཕྲོད་བསྟེན་ཆེད་བོད་ཕྱི་ནང་གཉིས་སུ་སྤྱི་ཚོགས་ཞབས་ཞུའི་ལས་འགུལ་བརྩམས་ནས་ལོ་ངོ་ཉི་ཤུ་ཧྲིལ་པོ་འཁོར་བའི་དགའ་སྤོབ་ཆེན་པོའི་ངང་དྲན་གསོའི་དུས་སྟོན་ཞིག་སྲུང་བརྩི་ཞུས།   དེ་སྐབས་དམིགས་བསལ་ཆེད་དུ་མགྲོན་འབོད་ཞུས་པའི་རྒྱ་གར་ཨོ་རྡི་ཤཱ་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་སྐུ་ངོ་ཆོས་ནོར་བསམ་གྲུབ་མཆོག    དབུས་ཤར་ཡུ་རོབ་སྐུ་ཚབ་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག    དོན་ཟུར་ཡུ་རོབ་སྤྱི་ཟུར་སྐུ་ངོ་གསང་གླིང་ཚེ་རིང་རྡོ་རྗེ་མཆོག   དེ་བཞིན་གཏོང་ཕོད་ཅན་གྱི་ཕྱི་ནང་སྦྱིན་བདག་རྣམ་པ་དང།  གཞན་ཡང་བོད་མིར་དགའ་ཉེ་གྲོགས་འདྲིས་ཕྱི་རྒྱལ་བ་བཅས་ཕྱི་ནང་མི་རིགས་  ༡༣༠
བརྒལ་བ་ཕེབས་འཛོམས་བྱུང་ཡོད།   ཐོག་མར་ཉིན་རྒྱབ་ཕྱག་ཚོད་  ༣།༣༠  ཐོག་སྐུ་མགྲོན་རྣམ་པར་ཕེབས་བསུའི་མཆོད་ཆང་དང་བཞེས་ཏོག་འདེགས་འབུལ་དང་སྟབས་བསྟུན་ཨོ་རྡི་ཤཱའི་རྒྱལ་ས་བྷུ་སྦ་ནེ་ཤེཝར་ཉེ་འགྲམ་ནང་པའི་གནས་རྙིང་གྲགས་ཅན་གྱི་སྐུ་བརྙན་ཁག་གཙོས་པའི་ཉལ་ཁང་གི་སློབ་ཕྲུག་རྣམས་ཀྱི་ཉིན་རེའི་བྱ་སྒོའི་ལས་རིམ་གྱི་པར་རིགས་སྣ་ཚོགས་འགྲེམས་སྟོན་ལ་གཟིགས་ཞིབ་གནང།  དེ་རྗེས་ཚོགས་ཁང་ནང་བཞུགས་གྲལ་འཁོད་མཚམས་མཐུན་ཚོགས་ཀྱི་ཚོགས་གཙོ་དང།  གོང་གསལ་ས་གནས་འགོ་འཛིན་
སྐུ་ཞབས་ཆོས་ནོར་བསམ་གྲུབ་ལགས།སྐུ་ཞབས་ Kaspar Huggenberg  མཆོག   སྐུ་ཚབ་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་བཅས་ནས་གསུང་བཤད་གནང་དོན།   བོད་པའི་སྒྲིག་འཛུགས་ཤིག་ནས་བོད་པའི་རྩ་དོན་ཆེད་ན་གཞོན་རྣམས་ལ་ཤེས་ཡོན་དང།  ས་གནས་མང་ཚོགས་ལ་འཕྲོད་བསྟེན་སྐོར་སོགས་ལ་དུས་ཡུན་རིང་པོའི་རིང་ནས་རོགས་རམ་རྒྱ་ཆེ་འདི་ཙམ་བྱས་པ་ལ་
བསྔགས་བརྗོད་ཆེན་པོ་གནང་བ་དང་སྦྲགས་ད་དུང་མུ་མཐུད་གནང་འགལ་ཆེ་ལུགས་བཀའ་སློབ་གནང།   ལྷག་དོན་གོང་གསལ་ས་གནས་འགོ་འཛིན་སྐུ་ངོ་ཆོས་ནོར་བསམ་གྲུབ་མཆོག་ནས་གསུང་དོན།  ས་གནས་ས་ཐོག་གི་ཉམས་མྱོང་ལ་གཞིས་ཆགས་ཀྱི་ཉིན་སློབ་ཁུངས་ནས་ཕྲུ་གུ་ཉལ་ཁང་ནང་འཛུལ་སྡོད་བྱ་མཁན་ཚོ་སློབ་ཕྲུག་གཞན་ལས་ཤེས་ཡོན་དང་ཀུན་སྤྱོད་གང་སྤྱིར་འཐད་ནས་ཁྱད་པར་ཆེན་པོ་འདུག   ཉལ་ཁང་ནང་ཡོད་མཁན་ཚོར་དགོང་དྲོ་དགེ་རྒན་རྣམ་པས་དམིགས་བསལ་དབྱིན་ཇི་དང་ཨང་རྩིས་ཀྱི་གཞི་རྩའི་ཤེས་
ཡོན་གྱི་ཆུ་ཚད་ཡར་རྒྱས་གཏོང་ཆེད་སློབ་ཁྲིད་གནང་བཞིན་ཡོད།   གཞིས་ཆགས་ཀྱི་རྒྱ་གར་བ་སློབ་སྤྱི་དང།    ས་གནས་གྲོས་ཚོགས།   ས་གནས་འགོ་འཛིན་ལས་ཁུངས།  སློབ་ཕྲུག་གི་ཕ་མ་རྣམ་པ་བཅས་ནས་རོགས་རམ་མུ་མཐུད་ནས་གནང་སྐྱོང་ཡོང་བའི་ཡིག་ངག་གཉིས་ཐོག་ནས་འབོད་སྐུལ་ཞུ་བཞིན་འདུག་བཅས་གསུང།
མདོར་ན་འདས་པའི་མི་ལོ་ཤི་ཤུའི་རིང་བོད་ཕྱི་ནང་གཉིས་སུ་ཤེས་ཡོན།   འཕྲོད་བསྟེན།  ཁོར་ཡུག་སྲུང་སྐྱོབ་བཅས་ལ་སྤྱི་ཚོགས་ཞབས་ཞུའི་ལས་འགུལ་གྱི་ལས་བསྡོམས་རྒྱས་པ་གྱང་འདེབས་འགུལ་མེད་གློག་བརྙན་བརྒྱུད་ལམ་ཐོག་མང་ཚོགས་ལ་སྤྱན་བསྟར་ཞུས་པས་སྐུ་མགྲོན་རྣམ་པ་དང།   སྦྱིན་བདག་རྣམ་པ།   དེ་བཞིན་མང་ཚོགས་བཅས་ཐུགས་དགྱེས་འཚོར་ཆེན་པོ་བྱུང་སོང།
དེ་ཉིན་སུད་སི་དང། ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ཟློས་ནས་རིག་གཞུང་ལེའུ་ཁག་དང།   མཐུན་ཚོགས་ཀྱི་ཟློས་གར་ནས་དེ་བཞིན་གཞས་སྣ་འཁྲབ་སྟོན་ཞུས་པ་དང་མཚན་ཕྱག་ཚོད་  ༡༠།༠༠  བར་ཚང་མ་དགའ་སེམས་སྤྲོ་བའི་ངང་ལྷོད་བཞུགས་གནང་པ་བཅས་ཀྱི་གནས་བསྡུས་སུ།།       བསམ་པ་དོན་གྲུབ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 5 སྡོམས་རོགས།