ལུ་རྫན་ས་གནས་བོད་རིགས་ནས་ཞབས་རིམ་ཁག་ལེགས་པར་བསྒྲུབས་པའི་གནས་ཚུལ།

༄། །བོད་རྒྱལ་ལོ་༢༡༤༦ དབོ་ཟླ་བ་ཚེས་ ༢༤ དང་ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༢༨ རེས་གཟའ་ཉི་མའི་ཉིན། ཡོ་རོབ་སུད་སི། ལུ་རྫན་ས་གནས་བོད་རིགས་ཚོགས་ཆུང་གིས་གོ་སྒྲིག་འོག། ༧རྒྱལ་བའི་སྐུ་ཕྱྭ་དང་བོད་བསྟན་སྲིད་ཀྱི་ཞབས་རིམ་ཁག་ལེགས་པར་བསྒྲུབས་པའི་གནས་ཚུལ།

དེ་ཡང་ཇི་སྐད་དུ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས།།མཆོད་པ་ཐམས་ཅད་སྤངས་ནས་ནི།།བླ་མ་མཆོད་པ་རབ་ཏུ་བརྩམ།ཞེས་གསུངས་པ་ལྟར།འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ།ལྷར་བཅས་སྲིད་ཞིའི་གཙུག་རྒྱན།བདག་ཅག་ཁ་བ་རི་བའི་ལྷ་སྐལ།ཕྱི་ནང་སློབ་འབངས་རྒྱ་མཚོའི་ཚེ་རབས་གཏན་གྱི་སྐྱབས་གནས།དྲིན་ཆེན་རྩ་བའི་བླ་མ།སྐྱབས་གནས་ཀུན་འདུས།རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྡོ་རྗེ་འཆང་དངོས་༧གོང་ས་སྐྱབས་མགོན་ལྷ་མིའི་རྣམ་འདྲེན།གཟིགས་པ་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་མཆོག་ནི་བདག་ཅག་སློབ་འབངས་ཡོངས་ལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལས་ཀྱང་ཆེས་ལྷག་པའི་བཀའ་དྲིན་སྐྱོང་མཁན་ཡིན་པ་ནི།འདི་ལྟར།།བདག་འདྲ་ལས་ངན་སྡིག་སྒྲིབ་མཐུག་པས་ན།།སངས་རྒྱས་དངོས་སུ་མཐོང་བའི་སྐལ་བ་མེད།།ཐ་མལ་དགེ་བའི་བཤེས་གཉེན་ཚུལ་བཟུངནས།།དམ་ཆོས་སྟོན་ལ་བཀའ་དྲིན་མཚུངས་མེད་རྗེ།ཞེས་པ་ལྟར།དེ་བཞིན་༧གོང་ས་༧རྒྱལ་བའི་དབང་པོ་མཆོག་ནི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས།བདག་ཅག་སློབ་འབངས་རྣམས་ལ་འཇུག་པའི་སྒོ་གཅིག་པུ་ཡིན་པའང་།ཇི་སྐད་དུ་འཇམ་མགོན་ས་སྐྱ་པཎྜིཏས།།ཉི་མའི་འོད་ཟེར་རབ་ཚ་ཡང་།།མེ་ཤེལ་མེད་པར་འབྱུང་མི་འགྱུར།།དེ་བཞིན་སངས་རྒྱས་བྱིན་རླབས་ཀྱང་།བླ་མ་མེད་པར་འབྱུང་མི་འགྱུར།ཞེས་གསུངས་པའི་ཕྱིར་རོ།དེ་བས་ན་བོད་ཕྱི་ནང་དང་འཛམ་གླིང་ཡུལ་གྲུ་གང་སར་མགོན་པོ་གང་གི་སློབ་འབངས་ཐམས་ཅད་ཀྱིས་ཀྱང་ཉིན་མཚན་དུས་དྲུག་ཏུ་རང་རང་ཅི་འབྱོར་གྱིས་མཆོད་པ་འབུལ་བ་དང་ལྷ་བླའི་མཚན་སྔགས་བགྲངས་པ་ལ་སོགས་ཀྱི་ཞབས་རིམ་ཇི་སྙེད་བགྱིས་པའི་ཉམས་ལེན་ལ་སྤྲོ་བ་བསྟས་པ།མཐུ་ལ་བརྟེན་ནས་དགེ་བའི་རྩ་བ་དེ།འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལས།།འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང༌།། དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང༌།ཅེས་གསུངས་པ་ལྟར་དགེ་བ་ཀུན་ལ་རྗེས་སུ་་ཡི་རང་དང་བསྔོ་བ་སྨོན་ལམ་ལན་བརྒྱར་ཞུ།

ལྷག་པར་བོད་བསྟན་སྲིད་ཀྱི་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོའི་གཟབ་གསོལ་སྐབས་ཀྱི་བཀའ་ལུང་ལྟར་བོད་མིའི་སྒྲིག་འཛུགས་དཔལ་ལྡན་ཆོས་རིགས་ལས་ཁུངས་ཀྱི་བཀའ་ཁྱབ་དགོངས་དོན་བཞིན། འདིར་སུད་སི་ལུ་རྫན་ས་གནས་བོད་རིགས་ཚོགས་ཆུང་གིས་འདི་ལོའི་ལོ་མགོ་ནས་བཟུང་མ་བསྐུལ་དང་བླངས་དང་། མ་གྲོས་བསམ་པ་གཅིག་མཐུན་གྱིས། རེས་གཟའ་སྤེན་པ་ནམ་ཡིན་ལ་མི་མང་འདུས་བསྐོང་གིས་གོ་སྒྲིག་ཞུ་སྟེ། ཞབས་རིམ་ཁག་བཟླས་བརྗོད་དང་ནམ་རྒྱུན་དུ་ཚོགས་མི་སོ་སོས་དོ་གལ་ཆེན་པོའི་རང་དོན་རང་གཅེས་ཀྱིས་ཁུར་བླངས། ཞབས་རིམ་རྣམས་སྔ་ཕྱིར་གསོག་སྒྲུབ་ཀྱི་སྒྲུབ་ཐོ་ནི།

༡༽ མ་ནི་ཡིག་གེ་དྲུག་པ་གྲངས། ༣༣༧༥༠༠ ༼གསུམ་འབུམ་གསུམ་ཁྲི་བདུན་སྟོང་ལྔ་བརྒྱ།༽
༢༽༧རྒྱལ་བའི་མཚན་བསྔགས་གྲངས། ༡༣༥༠༠  ༼གཅིག་ཁྲི་གསུམ་སྟོང་ལྔ་བརྒྱ།༽
༣༽ སྨན་བླའི་གཟུངས་སྔགས་གྲངས། ༡༣༥༠༠ ༼གཅིག་ཁྲི་གསུམ་སྟོང་བརྒྱ།༽

གོང་གསལ་ཟླ་ཚེས་ཉིན་བླ་མ་རྒྱལ་བ་སྲས་དང་པའི་སྤྱན་སྔར་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་སྤྲིན་དང་། བླ་མའི་རྣལ་འབྱོར་བསྡུས་པ་དང་འབྲེལ་བླ་མའི་མཚན་སྔགས་གསོག་སྒྲུབ་དང་། དེ་རྗེས་སངས་རྒྱས་སྨན་བླའི་གཟུངས་སྔགས་གང་ཐུབ་བཟླས་པ་དང་། དེ་ནས་མ་ཎི་གྲངས་བསོགས་བསྒྲུབས་རྗེས། འཇུག་ཏུ། འཇམ་དཔལ་དཔའ་བོ་དང་ཡན་ལག་བདུན་པའི་བསྔོ་བ་སོགས་ཀྱིས་རྒྱན་ཏེ་སྐུ་པར་མཐོང་གྲོལ་རིན་པོ་ཆེ་སྐུ་མདུན་མཎྜལ་རྟེན་གསུམ་འདེགས་འབུལ་སྐབས་མི་མང་ཡོངས་ནས་འགྲིན་གཅིག་ཏུ་༧རྒྱལ་བའི་ཞབས་བརྟན་དང་དེ་རྗེས་སློབ་ཕྲུག་རྣམས་ཀྱིས་༧གོང་ས་མཆོག་ལ་བསྟོད་དབྱངས་ཀྱི་མཆོད་པ་འབུལ། དེ་རྗེས་བོད་རྒྱལ་ཁབ་ཆེན་པོའི་རྒྱ་གླུ་དང་བཅས་བཀྲིས་རྒྱལ་ཁའི་ངང་ནས་མཇུག་དགེ་བའི་གཏང་རག་ལེགས་པར་བསྒྲུབས་སོ།  དེ་ཉིན་ཚོགས་བཅར་བ་མི་མང་ཡོངས་ལ་འབྲས་སིལ་དང་ཁ་ཟས་དགོང་མོའི་ཞལ་ལག་བཅས་གོ་སྒྲིག་གྱ་ནོམ་པ་བྱུང་སོང་བ་བཅས་ལུ་རྫན་ས་གནས་ཚོགས་ཆུང་ནས་༢༩/༤/༢༠༡༩ ལ།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 8 སྡོམས་རོགས།