རྔ་པར་དགེ་འདུན་པ་གསུམ་གྱིས་རང་ལུས་མེར་སྲེག་ལམ་ནས་ཞི་རྒོལ་གནང་བ།

༄༅། །འདི་གར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་གཉིས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༧ ཉིན་གྱི་ཕྱི་དྲོའི་བོད་ནང་གི་ཆུ་ཚོད་ ༣ ཡས་མས་ཤིག་ལ་བོད་མདོ་སྨད་རྔ་པ་རྫོང་རྔ་སྟོད་སྒོ་མང་ཞང་ཚོ་དྲུག་སྡེ་བའི་ནང་ཚན་སྔོ་ཤུལ་ཐང་བ་མའི་ཆུ་ཁ་ཚང་གི་སྔོ་ཤུལ་དགོན་གྱི་དགེ་འདུན་པ་རྡོ་རྗེ་ལགས། རང་ལོ་ ༡༥ ཕ་མིང་ལ་ཚེ་རིང་དང་། མ་མིང་ལ་གངས་དཀར་(ལོ་སྔོན་མར་གྲོངས་ཟིན་འདུག་)ཡིན་པ་ཁོང་དང་། དེ་བཞིན་སྔོ་ཤུལ་ཐང་བ་མའི་ཐང་ལྷ་ཚང་གི་སྔོ་ཤུལ་དགོན་གྱི་དགེ་འདུན་པ་བསམ་འགྲུབ་ལགས། རང་ལོ་ ༡༦ ཕ་མིང་ལ་བསོད་དར་དང་། མ་མིང་པ་སངས་ཡིན་པ་ཁོང་དང་། ཡང་སྔོ་ཤུལ་རྨེའུ་སྐྱོང་སྡེ་བའི་ཚེ་རིང་དོན་འགྲུབ་ཚང་གི་སྔོ་ཤུལ་དགོན་གྱི་དགེ་འདུན་པ་རྡོ་རྗེ་སྐྱབས་ལགས། རང་ལོ་ ༡༦ ཕ་མིང་ལ་ཚེ་རིང་དོན་འགྲུབ་ཡིན་པ་ཁོང་གསུམ་གྱིས་རྔ་སྟོད་སྒོ་མང་ཞང་ཉེན་རྟོག་ཁང་གི་སྒོ་འགྲམ་ནས་རང་ལུས་མེར་སྲེག་བཏང་སྟེ། རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། བོད་ལ་རང་དབང་དགོས། ཞེས་ཞི་རྒོལ་སྐད་འབོད་གནང་ཡོད་པ་དང་། དུས་ཐུང་ནང་ས་གནས་ཀྱི་ཉེན་རྟོག་པ་སོགས་འབྱོར་ཡོད་ཀྱང་། ད་ལྟ་བར་དུ་གནས་ཚུལ་འབྱོར་གསལ་ལྟར་ན་རང་ལོ་ ༡༥ ཡིན་པའི་དགེ་འདུན་པ་རྡོ་རྗེ་ལགས་དེ་མ་ཐག་སྐུ་གྲོངས་ཡོད་ཅིང་། བསམ་འགྲུབ་ལགས་དང་རྡོ་རྗེ་སྐྱབས་ལགས་གཉིས་སྐབས་ཐོག་དེར་གྲོངས་མེད་པ་དང་རྔ་པ་རྫོང་སྨན་ཁང་དུ་ཁྱེར་འདུག་ཀྱང་རྗེས་སུ་རྔ་པ་རྫོང་མཁར་ཡོངས་ལ་དྲག་ཆས་ཉེན་རྟོག་པ་སོགས་འགྲེམས་འཇོག་གིས་ཕར་འགྲོ་ཚུར་འོང་གི་འགྲོ་ལམ་ཡོངས་རྫོགས་དམ་བསྒྲགས་བཀག་སྡོམ་ནན་པོ་བྱས་འདུག་པ་མ་ཟད། རྔ་སྟོད་སྒོ་མང་ཞང་དང་སྔོ་ཤུལ་དགོན་པ་སོགས་ལ་དམ་བསྒྲགས་ནན་པོ་བྱེད་མུས་ཡིན་འདུག་པས། རྗེས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཐབས་བྲལ།རྔ་སྟོད་སྔོ་ཤུལ་དགོན་པ་གྲུབ་མཐའ་དགེ་ལུགས་པ་ཡིན་ཞིང་། དགོན་འདིའི་མིང་ཆ་ཚང་ལ་སྔོ་ཤུལ་དགོན་དགའ་ལྡན་བསམ་གཏམ་གླིང་ཡིན་ཞིང་། སྔོ་ཤུལ་དཔོན་སློབ་ངག་དབང་ཡར་འཕེལ་གྱིས་ཕྱག་བཏབ་པ་དང་། དེང་སྐབས་དགེ་འདུན་པ་ཞལ་གྲངས་ ༡༣༠ ཙམ་ཡོད་འདུག རྔ་པ་རྫོང་མཁར་ནས་ནུབ་ཕྱོགས་སུ་སྤྱི་ལེ་ ༡༢ ལྷག་གི་མཚམས་སུ་ཆགས་ཡོད་པ་བཅས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 4 སྡོམས་རོགས།