རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྟེ་ལོ་གྲངས་ ༦༨ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པ།
༄༅།། བོད་རྒྱལ་ལོ་ རབ་གནས་མེ་སྤྲེལ་ལོའི་སྨིན་ཟླའི་ཚེས་ ༡༡ དང། ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡༠ རེས་གཟའ་སྤེན་པའི་ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྟེ་ལོ་གྲངས་ ༦༨ འཁོར་བའི་ཉིན་སུད་སི་དང། ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་སྐབས་ ༡༦ པའི་ས་གནས་འཐུས་ཚོགས་ཀྱིས་གོ་སྒྲིག་ཞུས་ཏེ་སུད་སི་གྲོང་ཁྱེར་འཇི་ཎི་ཝར་དུས་དྲན་སྲུང་བརྩི་གཟབ་རྒྱས་ཞུས་པ་རེད། དེ་ཉིན་ཞོགས་པ་ཕྱག་ཚོད་ ༡༡།༠༠ ཐོག་འཇི་ཎི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ཨ་མའི་མདུན་ཐང་དུ་ས་གནས་བོད་རིགས་མི་མང་ ༩༠༠ བརྒལ་བ་འདུ་འཛོམས་བྱུང་ཡོད། ཐོག་མར་མི་མང་ཚོགས་གཞོན་བླ་རྙིང་པདྨ་ཚེ་རིང་ལགས་ནས་དེ་ཉིན་ལས་འགུལ་གྱི་མཛད་རིམ་གསལ་བསྒྲགས་བསྐྱངས་རྗེས་མང་ཚོགས་ནས་ངར་ཤུགས་ལྡན་པའི་ཞི་བའི་སྐད་འབོད་རྒྱུན་རིང་ཙམ་གནང། ཆུ་ཚོད་ ༡༡།༥༠ ཐོག་མི་མང་རྣམས་སྐད་འབོད་སྐྱོན་བཞིན་ངང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་ཐང་བར་གོམ་བགྲོད་ངང་བསྐྱར་འཛོམས་བྱུང། ས་འཐུས་ཀྱི་བོད་དྲུང་དཔལ་ཁང་དཔལ་ལྡན་དོན་གྲུབ་ལགས་ནས་མཛད་རིམ་སྙན་སྒྲོན་ཞུས།མི་མང་ཟློས་གར་གྱིས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་རྗེས་རྒྱལ་གཅེས་ལྷག་བསམ་ཅན་དཔའ་བོ་དཔའ་མོ་སྐུ་ལུས་མེ་མཆོད་ཕུལ་མཁན་ ༡༤༤ བརྒལ་བ་རྣམས་ལ་རྗེས་དྲན་གུས་འདུད་དང་གདུང་སེམས་མཉམ་སྐྱེད་ཆེད་སྐར་མ་གཅིག་རིང་ངག་བཅད་མྱ་ངན་ཞུས་པ་དང། བར་མཚམས་ཞི་བའི་སྐད་འབོད་ཡང་སེ་གནང། མི་མང་ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས་ནས་ལས་འགུལ་དང་འབྲེལ་བའི་གསུང་བཤད་གནང། སྐུ་ཞབས་ Rene Longet ལགས་དང། སུད་སི་གྲོས་ཚོགས་ཀྱི་འཐུས་མི་དང་བོད་དོན་རྒྱབ་སྐྱོར་སྡེ་ཚན་པ་སྐུ་ཞབས་ Mr. Robert Cramer མཆོག་རྣམ་གཉིས་ནས་འགྲོ་བ་མིའི་ཐོབ་ཐང་དང་བོད་དོན་སྐོར་གསུང་བཤད་གནང། དེ་བཞིན་ཤར་དབུས་ཡུ་རོབ་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་མཆོག་དང། ཡུ་རོབ་བོད་མི་མང་ཕྱོགས་བཞུགས་སྤྱི་འཐུས་སྐུ་ངོ་ཟམ་མདོ་བྱམས་པ་ཚེ་རིང་མཆོག་བཅས་གཅིག་མཇུག་གཉིས་མཐུད་ཀྱིས་ལས་འགུལ་དང་འབྲེལ་བའི་གསུང་བཤད་གནང། མི་མང་གི་ཚོགས་གཞོན་བླ་རྙིང་པདྨ་ཚེ་རིང་ལགས་ནས་འཛམ་གླིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ལ་ཞུ་སྙན་དབྱིན་ཡིག་ལྗགས་ཀློག་གནང་མཚམས་མུ་མཐུད་ཞི་བའི་སྐད་འབོད་གནང། ཡུ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས། སུད་སི་བོད་ཀྱི་བུད་མེད་ཚོགས་པ་བཅས་ཀྱི་སྐུ་ཚབ་དང། སུད་བོད་མཐུན་གྲོགས་ཚོགས་པའི་ཚོགས་གཙོ་བཅས་ནས་ལས་འགུལ་དང་འབྲེལ་བའི་གསུང་བཤད་གནང། བར་མཚམས་ཞི་བའི་སྐད་འབོད་རྒྱུན་རིང་སྐྱོན།
རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་མཆོག་དབུ་ཁྲིད་པའི་མང་ཚོགས་ནས་༸རྒྱལ་བའི་ཞབས་བརྟན་དང། བདེན་ཚིག་སྨོན་ལམ་གསུང་འདོན་ཞུས་མཚམས་ཀི་ཀི་སོ་སོ་ལྷ་རྒྱལ་འཐེན། ཚོགས་གཞོན་བླ་རྙིང་པདྨ་ཚེ་རིང་ལགས་ནས་མཐའ་བསྡོམས་ཐུགས་རྗེཆེ་ཞུའི་གསུང་བཤད་གནང་རྗེས་ཕྱེད་ཡོལ་ཕྱག་ཚོད་ ༣།༡༥ ཐོག་དེ་ཉིན་གྱི་ལས་རིམ་མཇུག་སྡུ་ཞུས་པའི་སྙན་ཐོ་སྙིང་བསྡུས་སུ།། གསར་འགོད་པ། བསམ་པ་དོན་གྲུབ།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།