རྒྱལ་གཅེས་དཔའ་བོ་རྡོ་རྗེ་ལྷུན་གྲུབ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་ནས་འདས་གྲོངས་སུ་ཕྱིན་འདུག

ཕྱི་ཟླ་ ༡༡ ཚེས་ ༤ ཉིན་བོད་ནང་རེབ་གོང་ཆུ་མ་སྡེ་བརྒྱད་ཚོ་དགུའི་གྲས་ཀླུ་གཤོང་སྡེ་བ་ནས་ཡིན་པ་རྡོ་རྗེ་ལྷུན་གྲུབ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་རང་ལུས་མེར་སྲེག་བཏང་ནས་འདས་གྲོངས་སུ་ཕྱིན་འདུག

བོད་ནང་གི་ཆུ་ཚོད་ ༢ ་དང་ཕྱེད་ཀའི་སྟེང་དགེ་འདུན་པའི་སྨོན་ལམ་ཆོ་ག་གསུང་འདོན་དང་མང་ཚོགས་ཀྱིས་མ་ཎི་འདོན་དབྱངས་དང་ཀི་བསྭོ་ལྷ་རྒྱལ་སོགས་ཀྱི་སྐད་འབོད་ལྡིར་བའི་ཁྲོད་ནས་སྦྱིན་སྲེག་ཞུས་འདུག སྐུ་ཕུང་ཞུགས་འབུལ་ཞུ་ཡུལ་དུ་མི་མང་སྟོང་ཕྲག་ཁ་ཤས་འཛོམས་ནས་དཔའ་བོ་ཁོང་ལ་མྱ་ངན་གུས་འདུད་དང་ནང་མིར་གདུང་སེམས་མཉམ་སྐྱེད་ཞུས་ཡོད་འདུག སྐུ་ཕུང་རྒྱ་དམག་གི་ལག་ཏུ་མ་ཤོར་བར་བདག་གཅེས་དང་འབྲེལ། གཅིག་ལ་གཉིས་བརྒྱུད་ཀྱིས་ཐག་ཉེ་རིང་གི་མང་ཚོགས་ནས་ཤེས་རྟོགས་ཁྱབ་བརྡལ་བྱུང་སྟེ། དུས་ཡུན་ཐུང་ངུའི་ནང་རོང་པོ་དགོན་པའི་དགེ་འདུན་པ་རྣམས་དང་། ཐག་ཉེ་རིང་གི་མང་ཚོགས་མང་པོ་ག་ས་གང་ནས་མཉམ་འཛོམས་བྱུང་སྟེ་སྐུ་ཕུང་ལ་ཁ་བཏགས་འཐེན་པ་དང་། སྨོན་ལམ་གསུང་འདོན་བཅས་ཀྱི་མགོ་བཙུགས་ནས། སྐུ་ཕུང་རེབ་གོང་རོང་པོ་དགོན་པའི་རྒྱབ་རིའི་མདུན་པང་གི་གདོང་རྒྱལ་ལ་ཁ་ཟེར་བ་དེར་གདན་ཞུས་ཀྱི་སྐབས་ཙམ་ལ། གཞི་ནས་དཔའ་བོ་ཁོང་གང་ནས་ཡིན་པ་སོགས་ཀྱི་ངོ་འཕྲོད་བྱུང་བ་ཞིག་ཡིན་འདུག

ད་ནངས་མེར་སྲེག་ལས་འགུལ་སྤེལ་བའི་རྗེས་ཙམ་ནས་ཉེན་རྟོག་པ་དང་དམག་མིས་སྲང་ལམ་དག་ལ་སྐོར་གཡེང་དང་། དམ་དྲག་བྱེད་མགོ་ཚུགས་ཡོད་ནའང་། མང་ཚོགས་ཀྱིས་དེ་རིང་སྐད་འབོད་བྱས་སྐབས་དང་། སྐུ་ཕུང་ཞུགས་འབུལ་ཞུ་ཡུལ་དུ་གདན་ཞུའི་སྐབས། ཞུགས་འབུལ་དངོས་གཞིའི་སྐབས་བཅས་ལ་མང་ཚོགས་འཛིན་བཟུང་དང་། གཅར་རྡུང་། དྲག་གནོན་སོགས་ཀྱི་གནས་སྟངས་བྱུང་མེད་ནའང་། གནས་ཚུལ་འདི་སྐོར་ཕྱིར་བསྒྲགས་བྱས་མི་ཆོག་པའི་ཚུལ་མང་ཚོགས་ནང་ཁྱབ་སྤེལ་ཤུགས་ཆེ་བྱེད་ཀྱིན་ཡོད་འདུག

རྒྱལ་གཅེས་དཔའ་བོ་རྡོ་རྗེ་ལྷུན་གྲུབ་ལགས་ནི་ད་ལྟ་རང་ལོ་ ༢༥ ཡིན་པ་དང་། ཕ་མིང་ལ་འབྲུག་ཐར་རྒྱལ་རང་ལོ ༥༠ ཡིན་པ་དང།་ ཨ་མའི་མིང་ལ་ཤ་བོ་གཡང་མོ་ཟེར་ཞིང་ལོ་ ༤༤ ཡིན་འདུག་ལ། འཚོ་ཐབས་ཞིང་པ་ཡིན་འདུག་ལ་འབྱོར་བ་འབྲིང་ཙམ་ཡོད་པ་ཞིག་ཡིན་འདུག རྡོ་རྗེ་ལྷུན་གྲུབ་ལགས་ནི་སློབ་ཆུང་གི་ཤེས་ཡོན་གནས་ཚད་འབྲིང་ཙམ་ཡོད་མཁན་ཞིག་དང་། ད་ཆ་ལྷ་བྲིས་སྒྱུ་རྩལ་གྱི་ལས་རིགས་གཉེར་མཁན་ཞིག་ཡིན་ཁར་ཁོང་གི་བཟའ་ཟླའི་མིང་ལ་གཡང་མོ་མཚོ་དང་ལོ་ ༢༦ ཡིན་འདུག ཁོང་གཉིས་ལ་བུ་དང་བུ་མོ་གཉིས་འདུག་པ་ལས་བུ་ཀུན་བཟང་རྡོ་རྗེ་ད་ལྟ་ལོ་ ༤ དང་། ཆུང་བ་བུ་མོ་ཏིང་འཛིན་སྒྲོལ་མ་ད་ལྟ་ལོ་ ༢ ཡིན་འདུག

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 6 སྡོམས་རོགས།