རེས་གཟའ་སྤེན་པའི་ཉིན་ས་གནས་རི་ཀོན་སློབ་གྲྭའི་ཚོགས་ཁང་ནང་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ཏེ་མི་ལོ་ཧྲིལ་པོ་ ༥༤ འཁོར་བའི་དུས་དྲན
ཉིན་རྒྱབ་ ༡༣/༠༠ ཐོག་རི་ཀོན་སློབ་གྲྭའི་ཚོགས་ཁང་ནང་སྐུ་མགྲོན་རྣམ་པའི་དབུས་སྤུན་ཟླ་མི་མང་ ༤༠༠ སྐོར་ནས་ཁ་པ་རི་པའི་སྐྱེ་འགྲོ་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་དང། འཇིག་རྟེན་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་རྔ་གླིང་རོལ་ཆ་དང་བཅས་སྤོས་སྣེས་སྔོན་བསུས་ཏེ་ཚོགས་ཁང་བཞུགས་ཁྲིར་གདན་འདྲེན་ཞུས།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་འགེགས་མཚན་མ་མཐའ་དག་མྱུར་དུ་ཞི་ནས་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང། ཐུགས་ཀྱི་བཞེད་པ་མཐའ་དག་འབད་མེད་ལྷུན་གྱིས་གྲུབ་པ་བཅས་མགྲོན་གཙོ་རྣམ་པ་དང། མི་མང་ཚོགས་གཙོ་མཆོག་བཅས་ནས་རྟེན་གསུམ་འདེགས་འབུལ་དང། དཀར་གཙང་མཇལ་དར་ཕུལ། མི་མང་ཟློས་གར་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ།
བོད་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ཆེད་བོད་མི་དཔའ་བོ་དཔའ་མོ་ ༡༣༠སྐོར་ནས་སྐུ་ལུས་བཞུགས་འབུལ་གནང་མཁན་རྣམས་ལ་རྗེས་དྲན་གྱིས་གུས་འདུད་ངག་བཅད་སྐར་མ་གཅིག་ཞུས།མཁན་བླ་དགེ་འདུན་རྣམ་པའི་དབུས་མང་ཚོགས་ནས་༸རྒྱལ་བའི་ཞབས་བརྟན་དང་བདེན་ཚིག་སྨོན་ལམ་གསུང་འདོན་ངང་གསོལ་ཇ་འབྲས་སིལ་འདེགས་འབུལ་དང་སྦྲགས་མི་མང་ཟློས་གར་ནས་བཀྲ་ཤིས་ཞོལ་པ་གཟིགས་འབུལ་ཞུས། དེ་རྗེས་མི་མང་ཚོགས་གཙོ་གང་གཞོན་ཚང་བློ་བཟང་ལགས་ནས་དགའ་བསུའི་འཚམས་འདྲི་གསུང་བཤད་གནང་། ཚོགས་གཞོན་བསམ་པ་ལགས་ནས་མང་གཙོའི་དུས་དྲན་ཐེངས་ ༥༤ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ཡོངས་ཁྱབ་གསུང་འཕྲིན་སྒྲོགས་བྱང་གནང་། དོན་གཅོད་ཁང་གི་ལས་བྱ་ཟླ་བ་ཚུལ་ཁྲིམས་ལགས་ནས་མང་གཙོའི་དུས་དྲན་ཐེངས་ ༥༤ ཐོག་འཛིན་སྐྱོང་བཀའ་ཤག་གི་ཡོངས་ཁྱབ་གསུང་འཕྲིན་སྒྲོགས་བྱང་ཞུས། མཚམས་འདིར་དབུས་གཙང་ཆོལ་ཁ་དང། མདོ་ཁམས་ཆུ་བཞི་སྒང་དྲུག མདོ་སྨད་ཆོལ་ཁ་བཅས་ནས་རྟེན་འབྲེལ་གྱི་གཞས་སྣ་རེ་གཟིགས་འབུལ་ཞུས།
ལོ་འཁོར་ལས་བསྡོམས་༸སྙན་སྒྲོན། དེ་ཡང་སུད་སི་དང། ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ལས་བསྡོམས་བོད་དྲུང་སྒོ་སྤེ་ཡོན་ཏན་རྒྱ་མཚོ་ལགས། མི་མང་ཟློས་གར་ལས་བསྡོམས་སྤྱི་འགན་ཙར་མ་བསྟན་འཛིན་ལགས། བོད་སློབ་གྲྭའི་ལས་བསྡོམས་སྤྱི་འགན་རྡོཆུང་མགོན་པོ་རྣམ་རྒྱལ་ལགས། གསར་འཕྲིན་དྲ་རྒྱའི་ལས་བསྡོམས་སྒོ་སྤེ་ཡོན་ཏན་རྒྱ་མཚོ་ལགས། མིམང་རྩིས་པ་འགན་པོ་ཚང་སྐལ་བཟང་ལགས། དྭང་བླངས་དཔྱ་ཁྲལ་སྐོར་ཚེ་བརྟན་མགོན་པོ་ལགས། དེ་རྗེས་ཡུ་རོབ་གཞོན་ནུའི་མཐུན་ཚོགས་ལས་བསྡོམས་གཡུང་དྲུང་བསྟན་བདེ་ལགས། སུད་སི་བོད་ཀྱི་བུད་མེད་ཚོགས་པའི་ཚོགས་གཙོ་རབ་གསལ་བདེ་ཆེན་ལགས། སུད་བོད་མཐུན་གྲོགས་ཚོགས་པའི་སྐུ་ཚབ་བཅས་ནས་རིམ་བཞིན། སྐུ་ཚབ་དོན་གཅོད་ཆོས་སྐྱབས་པ་ཚེ་བརྟན་བསམ་གྲུབ་ལགས།
རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་དགེ་བཤེས་ཐུབ་བསྟན་ལེགས་སྨོན་ལགས་རྣམ་གཉིས་ནས་གསུང་བཤད། ཕྱི་ལོ་ ༢༠༡༤ ཟླ་བ་བཞི་པའི་ནང་མི་མང་གིས་གོ་སྒྲིག་ཞུས་པའི་མ་ཧཱ་གུ་རུའི་ཚོགས་འབུམ་ཆེན་མོ་ཐེངས་དང་པོའི་བརྙན་འཕྲིན་ལེ་ཚན་ཞིག་གཟིགས་འབུལ་ཞུས་པ་དང་སྒོ་སྤེ་ཡོན་ཏན་ནས་དེའི་བྱུང་རིམ་སོགས་གསལ་བཤད་༸སྙན་སྒྲོན་ཞུས། དགོང་དྲོའི་གསོལ་ཚིགས་བར་སེང། དེ་རྗེས་མི་མང་ཟློས་གར་ནས་རྐང་བྲོ་གླུ་གཞས་ཁག་གཟིགས་འབུལ་གཟབ་རྒྱས་ཞུས་ཤིང་། མཚམས་འདིར་བྷིང་གྷཱོ་སྐུ་རྩེད་དང་ཐུགས་རྗེ་ཆེ་ཞུས་ལས་རིམ་ཁག་གྲུབ་བསྟུན་ནེ་ལུང་ཚེ་རིང་སྟོབས་ལྡན་ལགས་ནས་འགོ་ཁྲིད་དེ་མང་ཚོགས་ནས་དགའ་འཚོར་དང་བཅས་སྒོར་གཞས་བརྒྱབས་པ་སོགས་མཛད་རིམ་བཀྲ་ཤིས་ལེ་འགྲིག་ངང་མཇུག་བསྒྲིལ་ཞུས་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས། སྒོ་སྤེ་ཡོན་ཏན་གྱིས།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།