རི་ཀོན་ཆོས་འཁོར་དགོན་དུ་ས་ཟླའི་དུས་ཆེན་སྲུང་བརྩི་ཞུས་པ།
ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢ དང་བོད་ཟླ་ ༤ ཚེས ༡༥ ཉིན་ཏེ་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་སུད་སི་དང་། ལིཀ་ཏེན་སིཊཡན་བོད་རིགས་མི་མང་གིས་ག་ཟླ་བའི་དུས་ཆེན་ཁྱད་པར་བ་སྲུང་བརྩི་གནང་ཡོད་འདུག
ས་ག་ཟླ་བ་ནི་དུས་ཆེན་གསུམ་འཛོམས་ཀྱི་ཟླ་བ་ཞིག་ཡིན་པ་ལྟར། ཟླ་འདིའི་ཚེས་བཅོ་ལྔ་ནི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་བུ་རམ་ཤིང་པ་ཉི་མའི་གཉེན་མཆོག་གདུལ་བྱ་ཐ་མལ་བའི་སྣང་ངོར་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་བསྟན་པའི་དུས་ཆེན་ཁྱད་པར་བ་ཞིག་ཡིན་ལ། ཟླ་འདིར་ནང་པའི་ཡུལ་གྲུ་ཁག་ཏུ་མི་མང་རྣམས་ཀྱིས་སྡིག་སྤོང་དགེ་སྒྲུབ་ཀྱི་ལས་ལ་འབད་ཀྱིན་པ་དང་། ལྷག་དོན་ཚེས་བཅོ་ལྔའི་ཉིན་གྱི་དུས་ཆེན་ཁྱད་པར་བ་བྱེད་ལུགས་འདྲ་མིན་གྱི་སྒོ་ནས་སྲུང་བརྩི་གཟབ་རྒྱས་བྱེད་བཞིན་པ་ཡིན། སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་གོ་སྒྲིག་འོག་རི་ཀོན་དགོན་དུ་དུས་ཆེན་སྲུང་བརྩི་དང་། བསྔོ་སྨོན་མཆོད་འབུལ་གོ་སྒྲིག་བཅས་གནང་ཡོད་འདུག
ཐེངས་འདིའི་དུས་ཆེན་ཁྱད་པར་བ་སྲུང་བརྩི་གནང་བར་རི་ཀོན་མཁན་རིན་པོ་ཆེ་མཆོག་གིས་གཙོས་པའི་བླ་སྤྲུལ་དགེ་འདུན་པ་རྣམས་དང་། ཡུ་རོབ་སྤྱི་ཟུར་སྨོན་མཁར་བསོད་ཕུན་ལགས་དང་གང་གཞོན་ཚང་ངག་དབང་ལགས་རྣམ་པ། མི་མང་ཚོགས་གཙོ་ཕྱག་ལས་དབང་གི་ཕེབས་ཐུབ་མེད་ནའང་ཚོགས་གཞོན་བླ་རྙིང་པདྨ་ལགས་ནས་ཚང་མར་གུས་བསུ་དང་བཅས་དུས་ཆེན་སྐོར་ངོ་སྤྲོད་གནང་། དེ་བཞིན་མཁན་རིན་པོ་ཆེས་ས་ཟླའི་ངོ་སྤྲོད་དང་ཕན་འབྲས་དགེ་ཚོགས་ཇི་ཡོང་གསལ་བཤད་གནང་། ཐེངས་འདིར་ཁྱོན་མི་མང་༢༠༠ ལྷག་འདུ་འཛོམས་ཀྱིས་དུས་ཆེན་སྲུང་བརྩི་དང་ཚོགས་འཁོར་རྒྱས་གཤོམ་ཐོག་བོད་བསྟན་སྲིད་རང་དབང་གི་དོན་དུ་རང་ལུས་བློས་གཏོང་གནང་མི་འདས་སོན་ཡོངས་ལ་བསྔོ་སྨོན་མཆོད་འབུལ་རྒྱ་ཆེ་གནང་། ཐེངས་འདིར་ཉིན་གུང་གུང་ཚིགས་ནི་བཀྲ་ཤིས་བསོད་ནམས་མཁར་རྟགས་པ་ཁྱིམ་ཚང་ནས་གནང་ཡོད་པའི་གནས་ཚུལ་དུ་བསམ་པ་དོན་གྲུབ་ཀྱིས།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།