ཡོ་ན་ར་པརསེ་ཝིལ་དུ་འོས་བསྡུའི་སྐོར་གཟབ་སྦྱོང་གསལ་བཤད་གནང་བ།

༄༅།  ས་གནས་འོས་བསྡུའི་ཚོགས་མི་སྒོ་སྤེ་ཡོན་རྒྱས།  ད་རེ་འདི་གར་སྐུ་ཚབ་དོན་ཁང་གི་ལས་བྱ་ཟླ་བ་ཚུལ་ཁྲིམས་ལགས་དང་།  ས་གནས་འཐུས་མི་ཀརྨ་ལགས།   ཚེ་བརྟན་ལགས་རྣམ་གཉིས།   ས་གནས་མི་མང་རྣམ་པ་ལྷན་རྒྱས་ལ་གུས་བཏུད་འཚམས་འདྲི་ཞུ་རྒྱུ་ཡིན།  སྐུ་ཚབ་དོན་གཅོད་དང་ས་གནས་འོས་བསྡུའི་འགན་འཛིན་སྐོུ་དངོས་གྲུབ་རྡོ་རྗེ་མཆོག་གིས་དགོངས་གཞི་ལམ་སྟོན་གནང་དོན་ཐོག་དབུས་འོས་བསྡུའི་འགན་འཛིན་ལ་བཀའ་འཁྲོལ་དགོངས་སྐོར་ཞུས་ཐོབ་དང་།  ས་གནས་མང་ཚོགས་ཀྱིས་མང་མོས་འོས་བསྡུ་གནང་དོན་བཞིན་གུས་པར་ས་གནས་མང་ཚོགས་ནས་འོས་བསྡུའི་ཚོགས་མིར་བདམས་ཐོན་བྱུང་བར་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། 

༢༠༡༥  ཕྱི་ཟླ་ ༨ ཚེས་ ༡ ཉིན་སུད་སི་དང་།  ལིཀ་ཏེན་སིཊཡན་བོད་རིགས་མི་མང་ལས་ཁུངས་ནང་སྐུ་ཚབ་དོན་གཅོད་དང་ས་གནས་འོས་བསྡུའི་འགན་འཛིན་སྐོུ་དངོས་གྲུབ་རྡོ་རྗེ་མཆོག་གིས་བཙན་བྱོལ་བོད་མིའི་སྲིད་སྐྱོང་དང་།  སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཐུས་མི་འོས་འདེམས་ཞུ་རྒྱུ་བཅས་ཀྱི་སྐོར་ས་གནས་འོས་བསྡུའི་ཚོགས་མི་དང་ཟུར་དཔང་རྣམ་པར་གལ་ཆེར་དགོངས་ནས་ལས་དོན་བྱེད་སྒོའི་གཟབ་སྦྱོང་ཞིག་གནང་ཡོད།

སུད་སི་སྐུ་ཚབ་དོན་གཅོད་མཆོག་གི་ཁྱབ་ཁོངས་སུད་སི་དང་།  ལིཀ་ཏེན་སིཊཡན།  འཇར་མ་ཎི།  ཨི་ཊ་ལི།  ཨོསི་ཊིར་ཡ་བཅས་ཀྱི་ས་གནས་འོས་བསྡུའི་ཚོགས་མི་གྲངས་ ༣༤ འོས་འདེམས་གནང་བའི་ཐོག་འོས་བསྡུའི་ཟུར་དཔང་མི་ལྔ་བདམས་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་མང་ཚོགས་ནས་བདམས་ཐོན་བྱུང་བ་བཅས་དབུས་འོས་བསྡུ་ལས་ཁང་གི་བཀའ་འཁྲོལ་ཞུས་ཐོབ་ཀྱིས་ལོ་ལྔའི་རིང་ལས་དོན་འགན་འཁུར་བྱེད་སྒོའི་ལམ་སྟོན་གསལ་བཤད་ཀྱང་གནང་སོང་བ་བཅས་ཕན་འབྲས་དགེ་མཚན་ཆེན་པོ་བྱུང་ཡོད།

  ཕྱི་ཟླ་ ༡༠  ཚེས་  ༡༨  ཉིན་གྱི་དངོས་འགྲོའི་འོས་བསྡུ་དང་།  ༢༠༡༦  ཕྱི་ཟླ་  ༣  ཚེས་  ༢༠  ཉིན་དངོས་གཞིའི་འོས་བསྡུ་བཅས་ཀྱི་ལས་རིམ་སྐོར་ཐུགས་གཏན་འཁེལ་ཡོད།   གནས་ཚུལ་འདི་ཚོའི་རིགས་མང་ཚོགས་ཀྱི་མཁྱེན་རྟོགས་སྐུ་ཚབ་དོན་གཅོད་ས་གནས་འོས་བསྡུའི་འགན་འཛིན་མཆོག་དང་།  མི་མང་གི་ཚོགས་གཙོ་བགྲེས་པོ་ཟུང་ནས་མི་མང་གི་དྲ་རྒྱར་དྲི་བ་དྲི་ལན་གྱི་ལམ་ནས་བགྲོ་གླེང་གསལ་བཤད་གནང་རྒྱུ་དུས་ཀྱི་དགོས་མཁོ་གལ་ཆེ་ཞིག་ཡིན་པར་སོང་འགྲེམས་སྟོན་ཞུས་པ་བཞིན་མང་ཚོགས་ནས་ཐུགས་སྣང་གང་ཡག་བྱུང་ཡོད་པའི་ཡིད་ཆེས་ཡོད།

 བཙན་བྱོལ་བོད་མིའི་སྲིད་སྐྱོང་དང་།  སྐབས་བཅུ་དྲུག་པའི་བོད་མི་མང་གི་སྤྱི་འཐུས་འོས་བསྡུའི་སྐབས་མང་ཚོགས་ནས་དོ་སྣང་བྱེད་དགོས་པའི་སྒྲིག་གཞིའི་ནང་བསྒྱུར་བ་ག་རེ་ག་རེ་བྱུང་ཡོད་རེད།  དེ་བཞིན་སྔོན་འགྲོ་  ༢༠༡༥།༡༠།༡༨  དང་དངོས་གཞི་ ༢༠༡༦།༠༣།༢༠  བཅས་ལ་གཏན་འཁེལ་ཡོད་སྟབས་དེ་ཉིན་མང་ཚོགས་ནས་ག་རེ་ཞུ་དགོས་མིན་སྐོར་གསལ་བཤད་ཞིབ་པ་གནང་ཡོད།  དེའི་ནང་།  

སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་གཞིར་ཞུགས་མི་དང་།  དེའི་རྒྱབ་སྐྱོར་བས་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་ཀྱི་འགྲོ་གྲོན་ཚད་གཞི་ལས་བརྒལ་བ་ཡིན་ན་ཉེས་ཆད་ག་རེ་ཡོད།

འོས་གཞི་སུ་ཐད་ནས་འོས་བསྡུའི་ལས་དོན་སྐོར་མི་མང་བསྐོང་ཚོགས་ཀྱིས་དྲང་བདེན་མིན་པའི་གསལ་བསྒྲགས་བྱེད་པ་དང་།  ཡིག་ཆ་འགྲེམས་སྤེལ་བྱེད་པར་ཉེས་ཆད་ག་རེ་ག་རེ་ཡོད།

འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་ཞུ་སྐབས་དོ་བདག་འོས་མིར་ལངས་མཁན་དང་།  དེར་རྒྱབ་སྐྱོར་ཞུ་མཁན་ཚོ་ནས་སྒྲིག་འགལ་དུ་མ་སོང་བའི་ཆེད་དམིགས་བསལ་དོ་སྣང་བྱེད་དགོས་པ་ག་རེ་ཡོད།

དེ་མིན་སྲིད་སྐྱོང་དང་།  སྤྱི་འཐུས་ཀྱི་འོས་བསྡུའི་སྐོར་དམིགས་བསལ་སྐོུ་མཆོག་ནས་སྐུ་ངལ་དང་མཛད་འཆར་ཇི་ཡོད་ལ་མ་ལྟོས་པར་མང་ཚོགས་ཀྱི་མཁྱེན་རྟོགས་ཆེད་བཅར་འདྲི་ཞུས་དོན་ལས་རིམ་རྣམས་མང་ཚོགས་ནས་ཐུགས་སྣང་དང་ཕན་ཐོགས་ཆེན་པོ་གཏན་གཏན་བྱུང་ཡོད་པའི་ཡིད་ཆེས་ཞུས་པ་དང་འབྲེལ།  ད་རིང་ས་གནས་འདིར་མང་ཚོགས་ནས་གསལ་པོ་མཁྱེན་ཐུབ་པ་དང་།  དྭོགས་གཞི་ཡོད་རིགས་གསལ་བཤད་ཡོང་ཐབས་བཅས་སྐུ་ཚབ་དོན་གཅོད་ཁང་ནས་ཟླ་བ་ཚུལ་ཁྲིམས་ལགས་ཆེད་གཉེར་གདན་ཞུ་ཕུལ་བཞིན་མང་ཚོགས་ནས་དྭོགས་པ་རྣམ་རྟོགས་ཇི་ཡོད་འཛེམ་ཟོན་གང་ཡང་མེད་པར་བཀའ་འདྲི་གནང་རོགས་ཞེས་ནན་བསྐུལ་ཞུ་རྒྱུ་ཡིན།  ཞེས་དང་།  སྐུ་ཞབས་ཟླ་བ་ཚུལ་ཁྲིམས་ལགས་ནས་ཁྲིམས་སྒྲིག་ནང་གསལ་དོན་ཚན་ཁག་ལ་འགྲེལ་བཤད་ཟབ་ནན་གནང་ཐོག་མང་ཚོགས་ཀྱིས་བཀའ་འདྲི་ཁག་ལ་གསལ་བཤད་ལན་འདེབས་འདོད་བློ་ཁེངས་བ་གནང་སོང་ལ།

མཇུག་བསྡོམས་སྒོ་སྤེ་ཡོན་རྒྱས་དོན་གནད་ཐོག་སྨིན་པའི་མང་ཚོགས་ནས་བསམ་ཚུལ་དྲི་བ་མང་དག་བྱུང་སོང་བར་དྭོགས་འདྲི་ཁག་ལ་གསལ་བཤད་ཧ་ཅང་ཡག་པོ་བྱུང་སོང་།  ཁྱེད་རྣམ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།  དམིགས་བསལ་ས་འཐུས་རྣམ་པ་གཉིས་ནས་ཐུགས་འཁུར་ཆེན་པོས་ཕྱག་རོགས་འགན་བཞེས་གནང་བ་དང་།  ལྷག་པར་སྐུ་ཚབ་དོན་གཅོད་ཁང་ལ་འདི་ནས་ཞབས་བསྐུལ་ཞུས་པ་བཞིན་སྐུ་ཞབས་ཟླ་བ་ཚུལ་ཁྲིམས་ལགས་ཆེད་མངགས་བསྐོ་གཏོང་གནང་བ་བཞིན་བཀའ་ལན་གསལ་བཤད་གཟབ་ནན་གནང་སོང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།   ད་ཆ་ང་ཚོའི་དཔལ་ལྡན་སྲིད་སྐྱོང་དང་།  སྐབས་བཅུ་དྲུག་པའི་བོད་མི་མང་ཡུ་རོབ་སྤྱི་འཐུས་འོས་འདེམས་ལས་འགུལ་ལ་ཚང་མས་ཐུགས་གནང་ཐོག་ཤེས་འཇོན་གཉིས་ལྡན་ལྷག་བསམ་རྣམ་དག་གི་མི་སྣ་འོས་འདེམ་ཐུབ་པའི་སྨོན་འདུན་དང་འབོད་བསྐུལ་ཞུ་རྒྱུ་ཡིན།  ཐུགས་རྗེ་ཆེ།  སྒོ་སྤེ་ཡོན་ཏན།

 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 9 སྡོམས་རོགས།