འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་རྒྱ་ནག་གཞུང་ལ་རེ་འདུན་ཤུགས་ཆེ་བཏོན་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢ ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝར་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་ལྕམ་སྐུ་ན་ཝི་པིལ་ལེ་ Navi Pillay མཆོག་ནས་རྒྱ་ནག་གཞུང་ལ། བོད་མི་ཚོས་ཡུན་རིང་ནང་འཕྲད་བཞིན་པའི་དཀའ་ངལ་འོག་ད་ཆ་རང་ལུས་མེར་སྲེག་གིས་མཚོན་འུ་ཐུག་ཐབས་ཟད་ཀྱི་ལས་འགུལ་རིགས་མང་དག་ཅིག་སྤེལ་བཞིན་པའི་གནས་སྟངས་དེ་དག་ལ་རྒྱ་ནག་གཞུང་གིས་བསམ་ཤེས་བྱས་ཏེ་བོད་མིའི་དཀའ་ངལ་སེལ་ཐབས་བྱེད་དགོས།
བོད་མི་ཚོས་རང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་། རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ། འདུ་འཛོམས་དང་སྨྲ་བརྗོད་སོགས་ཀྱི་རང་དབང་ཆེད་ཞི་བའི་འཐབ་རྩོད་བྱེད་སྐབས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་བསྒྲགས་བྱས་ཏེ་བོད་མི་འཛིན་བཟུང་བཀག་ཉར་བྱས་པ་དང་། གར་སོང་ཆ་མེད་དུ་གྱུར་བ་སོགས་བོད་མི་ཞི་རྒོལ་བ་རྣམས་ཀྱི་ཐོག་རྒྱ་ནག་གཞུང་གིས་དྲག་གནོན་ཧ་ཅང་ཆེན་པོ་བྱེད་བཞིན་པའི་གནས་ཚུལ་དེ་དག་ལ་ང་ཚོས་ཧ་ཅང་བློ་འཚབ་བྱེད་བཞིན་ཡོད། གནས་ཚུལ་འདི་དང་འབྲེལ་ཆགས་རྒྱ་ནག་གཞུང་གིས་བོད་པའི་བུ་མོ་རང་ལོ་ ༡༧ སོན་པ་འཇིག་མེད་སྒྲོལ་མས་བོད་མི་ཚོར་རང་དབང་དགོས་པ་དང་། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པའི་སྦྱར་ཡིག་བཀྲམས་པའི་ཉེས་མིང་འོག་རྒྱ་མིའི་ཉེན་རྟོག་པས་ཁོ་མོར་ཉེས་རྡུང་ཚད་མེད་བཏང་བ་མ་ཟད། ལོ་གསུམ་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད། ཕྱོགས་མཚུངས་བོད་མི་ཚོས་རང་དབང་ཆེད་རྩོམ་ཡིག་བྲིས་པ་དང། གློག་བརྙན་བཟོས་པ། བོད་ནང་གི་དོན་རྐྱེན་དང་འབྲེལ་བའི་པར་རིགས་གནས་ཚུལ་ཕྱིར་གཏོང་བྱས་པ་སོགས་ལ་རྒྱ་ནག་གཞུང་གིས་ལོ་བཞི་དང་བདུན་སོགས་དུས་བཀག་འདྲ་མིན་གྱི་བཙོན་འཇུག་ཁྲིམས་ཆད་གཅོད་བཞིན་ཡོད།
རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་བོད་མི་ཆབ་སྲིད་བཙོན་པ་རྣམས་ལ་དྲང་བདེན་གྱི་ཁྲིམས་ཆད་གཏོང་མིན་དང་། འཛིན་བཟུང་བཀག་ཉར་འོག་ཡོད་པའི་བོད་མི་རྣམས་ལ་མནར་གཅོད་ཇི་འདྲ་གཏོང་བཞིན་ཡོད་མེད་ཐོག་ང་ཚོར་ཧ་ཅང་སེམས་འཚབ་ཡོང་བཞིན་འདུག ངས་གནད་དོན་དེ་དག་ཐོག་རྒྱ་ནག་སྲིད་གཞུང་དང་ལྷན་ཐེངས་འགའ་ཤས་སྐད་ཆ་བཤད་པ་ཡིན། འོན་ཀྱང་ད་དུང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐད་བྱས་ཟིན་པ་ལས་བྱ་རྒྱུ་མང་བ་ཡོད་པས། རྒྱ་ནག་གཞུང་གིས་རང་གི་གཞི་རྩའི་ཐོབ་ཐང་ཆེད་ཞི་རྒོལ་བྱེད་མཁན་རྣམས་གང་མྱུར་གློད་བཀྲོལ་གཏོང་དགོས་པ་ངས་འབོད་སྐུལ་ཞུ་རྒྱུ་དང། བོད་མི་ཚོས་རང་ལུས་མེར་སྲེག་གིས་མཚོན་འུ་ཐུག་ཐབས་ཟད་ཀྱི་ལས་འགུལ་རིགས་མ་སྤེལ་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་མ་ཟད། ཚོགས་པ་དང་ཆོས་ལུགས་དབུ་ཁྲིད་རྣམས་ལ་ལས་འགུལ་དེ་དག་མཚམས་འཇོག་གནང་རོགས་ཞེས་འབོད་སྐུལ་ཞུ་དགོས་པའི་རེ་འདུན་འདོན་རྒྱུ་ཡིན།
བོད་མི་ཚོས་སེམས་ནང་དངངས་སྐྲག་དང་དཀའ་ངལ་འོག་འུ་ཐུག་ཐབས་ཟད་ཀྱི་ལས་འགུལ་སྤེལ་དགོས་ཐུག་པའི་གནས་སྟངས་དེར་ངས་བསམ་ཤེས་ཐུབ་ཀྱི་འདུག་ཀྱང་རང་གི་མངོན་འདོད་ཕྱིར་འདོན་རྒྱུའི་ཐབས་ལམ་གཞན་ཡང་ཡོད། རྒྱ་ནག་གཞུང་ནས་ཀྱང་དེའི་ཐོག་བསམ་ཤེས་བྱས་ཏེ་བོད་མི་ཚོར་སྨྲ་བརྗོད་ཀྱི་རང་དབང་སྤྲོད་དགོས། ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་རྒྱ་ནག་གཞུང་ལ་ཛ་དྲག་གི་གནས་སྟངས་དེ་ཞི་འཇམ་ཡོང་སླད། བོད་ནང་དུ་རྒྱལ་སྤྱིའི་རང་དབང་ཅན་གྱི་རྟོག་ཞིབ་པ་དང་གསར་འགོད་པ་ཆེད་གཏོང་གིས་ས་གནས་ས་ཐོག་གི་གནས་སྟངས་ངོ་མ་ཤེས་ཐབས་ཆེད་རྒྱབ་སྐྱོར་གནང་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུ་རྒྱུ་ཡིན།ཞེས་གསུངས་པ་མ་ཟད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་རྟོག་ཞིབ་ཆེད་དམིགས་བསལ་ཚོགས་ཆུང་གིས་རྒྱ་ནག་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་ཆོས་དད་རང་དབང་ཐོག་རྟོག་ཞིབ་ཆེད་འགྲོ་སྐྱོད་ཆོག་པའི་ཆོག་མཆན་སྤྲོད་རོགས་ཞེས་འབོད་སྐུལ་ཐེངས་ ༡༢ ཙམ་ཞུས་ཡོད། ཅེས་གསུངས།
གཞན་ཡང་བོད་ནང་དྲག་གནོན་དང་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་བ་བརྒྱུད་སྤྱི་ཚོགས་བརྟན་ལྷིང་ནམ་ཡང་བསྐྲུན་མི་ཐུབ། དེར་བརྟེན་བོད་མིའི་སེམས་ནང་གི་དངོས་ཡོད་དཀའ་ངལ་དེ་སེལ་ཐབས་གནང་དགོས། ཞེས་སོགས་རྒྱ་ནག་གཞུང་ལ་ཛ་དྲག་གི་འབོད་སྐུལ་ཞུས་ཡོད་པ་བཅས།།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།