ཞེ་ཅིང་ཕིང་ལ་ཕེབས་བསུ་འགྲོ་མཁན་ཡོད་ན་སུད་སྒོར་༢༥༠ རྔན་པ་ཡོད།

ཕྱི་ཚེས༡༥ ནས་༡༨ རྒྱ་ནག་གི་སྲིད་འཛིན་སུད་སིར་སླེབས་ཀྱིན་པ་ལྟར། སུད་སི་གནས་སྡོད་རྒྱ་ནག་པ་ཚོ་ངེས་པར་ཕེབས་བསུར་བཅར་དགོས་པ་དང་། ཕེབས་བསུ་བཅར་མཁན་ལ་སུད་སྒོར་༢༥༠ རྔན་པ་སྤྲོད་རྒྱུ་ཡིན་སྐོར་གྱི་གསལ་བསྒྲགས་གསང་བའི་ཐོག་ནས་གནང་གིན་ཡོད་འདུག

རྒྱ་ནག་ཧྥུ་ཅན་ཞང་ཆེན་ནས་ཡིན་པའི་སུད་སི་གནས་སྡོད་རྒྱ་རིགས་ལུ་ཅན་ཧཱ་ཟེར་བ་པ་ཞིག་དང་། ལིང་ཏོན་ཁྲུན་ཟེར་བ་གཉིས་ཀྱིས་གསར་འགོད་པར་འགྲེལ་བརྗོད་བྱས་པ་ལྟར་ན། དེ་རིང་ང་ཚོའི་ཡུལ་མིའི་སྐད་འཕྲིན་ཚོགས་པའི་ནང་གསལ་བསྒྲགས་ཤིག་སྤེལ་བར། གོང་ཚེས་ཉིན་སྲིད་འཛིན་ལ་ཕེབས་བསུར་བཅར་མཁན་ལ་སུད་སྒོར་༢༥༠ སྤྲོད་ཀྱི་ཡོད་ཚུལ་བཤད་སོང་། ད་དུང་རྒྱ་ནག་གི་རླབས་ཆེ་བའི་སྲིད་འཛིན་ལ་ང་ཚོས་ངེས་པར་ཕེབས་བསུ་གཟབ་རྒྱས་གནང་དགོས་པ་དང་། འཛམ་གླིང་མི་མང་ལ་ང་ཚོས་རྒྱ་ནག་མི་མང་གི་སྟོབས་ཤུགས་དང་བརྗིད་ཤུགས་གསལ་བོ་མཐོང་དུ་འཇུག་དགོས་ཟེར་གྱིན་འདུག རྩ་འཛུགས་འདི་སུད་སི་རྒྱ་ནག་གཞུང་ཚབ་ཀྱི་གོ་སྒྲིག་རེད། ས་གནས་ག་བར་འགྲོ་དགོས་ན་ཁོ་ཚོས་རླངས་འཁོར་གོ་སྒྲིག་བྱེད་ཀྱིན་ཡོད་པ་མ་ཟད། འགྲོ་མཁན་ལ་རྔན་མ་སུད་སྒོར་གཉིས་བརྒྱ་ལྔ་བཅུ་སྤྲོད་ཀྱིན་འདུག ཅེས་ཟེར། ལས་འགུལ་འདིར་མཉམ་ཞུགས་བྱ་བར་ཆ་རྐྱེན་གང་ཞིག་དགོས་མིན་ཐད་སྐད་ཆ་དྲིས་སྐབས། ཆ་རྐྱེན་གསལ་བསྒྲགས་ནང་གསལ་བོ་བྲིས་འདུག དང་པོ་རྒྱ་ནག་སྐམ་ས་ཆེན་པོ་ནས་ཡིན་མཁན་དང་། ཧོང་ཀང་། ཐེ་ཝན་སོགས་ནས་ཡིན་པའི་རྒྱ་རིགས་ཡིན་དགོས་ཀྱི་འདུག གཉིས་པ། སོ་སོའི་ལག་འཁྱེར་དང་སྡོད་གནས། ལས་གནས་སོགས་གསལ་བོ་དགོས་ཀྱི་འདུག ཅེས་ཟེར། ཁྱེད་གཉིས་ཐེངས་འདིའི་ལས་འགུལ་ནང་མཉམ་ཞུགས་བྱེད་ཀྱིན་ཡོད་དམ། ཞེས་དྲིས་སྐབས། སུད་སྒོར་གཉིས་བརྒྱ་ལྷག་སྤྲད་ན་མཉམ་ཞུགས་བྱ་ལོས་འདོད་མོད། ངེད་གཉིས་ལས་ཀ་ནས་དགོངས་ཞུ་རག་ཐབས་མེད་པས་བཅར་ཐབས་མི་འདུག ཅེས་དང་། གལ་སྲིད་དངུལ་གྱི་རྔན་པ་སྤྲོད་ཀྱི་མེད་ན་ཁྱོད་གཉིས་ལས་འགུལ་འདིར་མཉམ་ཞུགས་བྱ་ཐུབ་ས་རེད་དམ། ཞེས་དྲིས་སྐབས། དངུལ་མེད་ན་མཉམ་ཞུགས་ཅིའི་ཕྱིར་བྱེད། དཀའ་ལས་མ་རེད་པས། ཞེས་སོགས་ཟེར།

གནས་ཚུལ་འདིའི་ཐད་ཉིན་ཤས་གོང་ནས་སྤྱི་ཚོགས་གླེང་སློང་བྱེད་ཀྱིན་ཡོད་ཀྱང་། དངོས་བདེན་གྱི་ར་སྤྲོད་གསལ་བོ་མ་བྱུང་སྟབས། དོ་སྣང་སྤྲོད་མཁན་ཚོར་དོགས་གནས་ཙམ་ལས་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱིན་མེད་ཀྱང་། ད་རེའི་ཧྥུ་ཅན་ཞང་ཆེན་གྱི་སུད་སིར་གནས་སྡོད་ཡུལ་གྲོགས་སྐད་འཕྲིན་ཚོགས་པའི་ནང་སྔ་ཕྱི་ཐེངས་དུ་མར་གསལ་བསྒྲགས་མི་འདྲ་བ་ཁ་ཤས་བྱུང་བ་དང་། གསལ་བསྒྲགས་དང་མཉམ་དུ་ལས་འགུལ་འགན་འཁུར་བའི་གསལ་བཤད་དང་སྦྲགས་གནས་ཚུལ་ཁ་ཇེ་གསལ་དང་། དམིགས་བསལ་གོང་འཁོད་རྒྱ་མི་གཉིས་ཀྱིས་དོན་དངོས་གསལ་བཤད་བྱས་པ་ལ་བརྟེན་ནས། རྒྱ་ནག་གི་སྲིད་འཛིན་ཕེབས་བསུར་བཅར་མཁན་ལ་དངུལ་གྱིས་འགྲོ་གྲོན་ཕོན་ཆེན་བཏང་སྟེ། རྒྱལ་སྤྱིའི་སྤྱི་ཚོགས་ནང་རྒྱ་ནག་མི་མང་གིས་སྲིད་འཛིན་ལ་ཕེབས་བསུ་གཟབ་རྒྱས་ཞུ་བཞིན་མཐོང་ཚུལ་ཤུགས་ཆེན་སྤྲོད་ཐབས་བྱེད་ཀྱིན་པ་གསལ་བོ་ཆགས་བྱུང་།  (དགོས་དབང་གིས་གོང་འཁོད་རྒྱ་མི་གཉིས་ཀྱི་པར་བཀོད་མེད། )
གསར་འགོད་པ། ཙ་ཡུས་ཕུན་ཚོགས། 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 2 སྡོམས་རོགས།