ཞི་བའི་གོམ་བགྲོད་ཉིན་དགུ་བ།
ཕྱི་ཚེས་༡༢ ཉིན་ནི་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་ས་གནས་འཐུས་ཚོགས་ཀྱིས་གོ་སྒྲིག་ཞུ་བཞིན་པའི་གདུང་སེམས་མཉམ་བསྐྱེད་ཞི་བའི་གོམ་བགྲོད་དབུ་འཛུགས་གནང་སྟེ་ཉིན་དགུ་པ་ཡིན། དེ་རིང་གོམ་བགྲོད་ནང་མཉམ་ཞུགས་གནང་མཁན་སྐྱེས་པ་གྲངས་ ༢༩ དང་། བུད་མེད་གྲངས་༡༤ བཅས་ཁྱོན་༤༢ ཙམ་དང་། ལས་བྱེད་དྲུག་བཅས་མཉམ་ཞུགས་གནང་ཡོད། ཡིག་ཆ་གྲངས་ཆིག་སྟོང་ལྷག་འགྲེམ་སྤེལ་གནང་ཐུབ་སོང་།
ཉིན་འདིར་སུད་སི་ས་གནས་ Bern བོད་རིགས་ཚོགས་ཆུང་གིས་གོམ་བགྲོད་པ་རྣམས་ལ་དགོང་མོའི་ཞལ་ལག་གྲ་རྒྱས་གོ་སྒྲིག་གནང་བྱུང་བར་གོམ་བགྲོད་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་བཀའ་དྲིན་ཆེ་བརྗོད་དང་གོམ་བགྲོད་པ་ཡོངས་ཀྱིས་ཐུགས་རྗེ་ཆེ་ཞུ་གནང་།
སུད་སི་ས་གནས་ St. Gallen ནང་གནས་བཞུགས་པ་པདྨ་གཡུ་སྒྲོན་ལགས་སུ་གོམ་བགྲོད་ནང་མཉམ་ཞུགས་གནང་དགོས་དོན་དང་། དཀའ་ལས་རྒྱག་མཁན་གཙོ་བོ་ཞིག་ཡིན་པའི་ངོས་ནས་དཀའ་ངལ་དང་ཉམས་མྱོང་ག་རེ་རག་ཡོད་མེད་ཐད་བཅར་འདྲི་ཞུས་པར། ཁོང་གིས། བོད་དོན་ཁྱབ་བསྒྲགས་ཡོང་གི་རེད་བསམ་ནས་ཐེངས་འདིའི་གོམ་བགྲོད་ནང་མཉམ་ཞུགས་ཞུས་པ་ཡིན། ཞེས་དང་། རྩ་བའི་ཆ་ནས་གོམ་བགྲོད་ནང་མི་མང་པོ་ཡོད་པ་རེད་དེ། ང་ཚོ་ནི་ཏོག་ཙམ་འགྲོ་ཐུབ་མཁན་གྱི་གྲས་ཡིན་པ་ཡིན་ཙང་། ང་ཚོས་གོམ་པ་བརྒྱབ་ཏེ་དཀའ་ལས་མང་པོ་རྒྱག་བཞིན་ཡོད་པ་འདི་གཙོ་བོ་ཁྱབ་བསྒྲགས་ཡོང་ཕྱིར་ཡིན། ང་ཚོས་ཡིག་ཆ་འགྲེམས་སྤེལ་ཞུ་ཡ་དེ་ཞེ་དྲག་གལ་ཆེན་རེད་བསམ་ནས་མི་ཚང་མི་རེ་ངོ་རེ་ནས་ཚང་མའི་ནང་ལ་བླུག་ཐུབ་ན་བསམ་ནས་ཏོག་ཙམ་རྒྱུག་དགོས་པ་དང་དཀའ་ལས་རྒྱག་དགོས་བྱུང་བ་ཡིན་ཡང་དཀའ་ལས་བརྒྱབ་ནས་འགྲོ་བཞིན་ཡོད། གྲོང་གསེབ་ཁག་དང་གྲོང་ཁྱེར་ཁག་ནས་མི་ཚང་གཅིག་གཉིས་རེ་ལྷག་སོང་བ་ཡིན་ན་སེམས་པ་ཕོངས་དགོས་པ་ཡོང་གི་འདུག མི་མང་ནང་ཡིག་ཆ་འགྲེམས་སྤེལ་ཞུ་སྐབས། ཁ་ཤས་ཀྱིས་གདོང་ནག་པོ་བསྟན་ནས་ཡིག་ཆ་ལེན་གྱིན་མི་འདུག ཁ་ཤས་ཀྱིས་དགའ་བོའི་ངང་ནས་ཡིག་ཆ་ལེན་གྱིན་པ་མ་ཟད།ཁྱོད་རང་ཚོ་ལ་ལམ་འགྲོ་ཡོང་བར་ཤོག་སོགས་ཟེར་ནས་བཤད་ཀྱིན་འདུག དམིགས་བསལ་ང་རང་སྐྱེས་མེད་ཅིག་ལ་ཕྲད་ནས་མོ་རང་གིས་ག་རེ་ལབ་སོང་ཟེར་ན། ཁྱོད་རང་ཚོས་ཉི་མ་རྟག་པར་བོད་དོན་ཡིག་ཆ་་བཀྲམས་ནས་ཁྱོད་རང་ཚོ་ལ་སུད་སི་ནང་སྡོད་ཆོག་པའི་ཡིག་ཆ་རག་པའི་ཆེད་དུ་ཡིན་ནམ། ཞེས་དྲིས་བྱུང་། སྐབས་དེར་ང་ལ་ཚོར་བ་ཁྱད་མཚར་ཞིག་སླེབས་སོང་། ང་ཚོ་ངོ་མ་ལུང་པ་མེད་པའི་མི་ཞིག་ཡིན་པ་དང་། གོམ་བགྲོད་འགྲོ་བཞིན་པ་འདི་ཡང་ང་ཚོའི་དཀའ་ངལ་ངོ་མ་ཞིག་ཆེད་དུ་འགྲོ་བཞིན་པ་ཡིན་ཟེར་ནས་འགྲེལ་བཤད་བརྒྱབ་པ་ཡིན། ང་ཚོ་ཡིག་ཆ་རག་པའི་ཆེད་དུ་མིན་ཟེར་ནས་ནན་བཤད་ཞུ་དགོས་བྱུང་བ་སོགས་དཀའ་ངལ་འདྲ་མིན་འཕྲད་ཀྱིན་འདུག ངའི་རེ་བ་ལ་སུད་སི་ནང་ལོག་ལ་བོད་པའི་སྐོར་ཧ་གོ་མཁན་མང་པོ་རེད་དེ། ཧ་མ་གོ་མཁན་རྣམས་ཀྱིས་བོད་པའི་དཀའ་ངལ་ངོ་མ་དེ་མཁྱེན་རྟོགས་ཡོང་གི་རེད་བསམ་པའི་རེ་བའི་ཞུ་བཞིན་ཡོད། ཅེས་གསུངས་སོང་།པདྨ་གཡུ་སྒྲོན་ལགས་ནི་ཐེངས་འདིའི་གོམ་བགྲོད་ཡིག་ཆ་འགྲེམས་སྤེལ་གནང་མཁན་གཙོ་བོ་ཞིག་དང་། སྤྱིར་བཏང་གོམ་བགྲོད་འདི་ནི་ཞི་བའི་ཐོག་ནས་བོད་དོན་དཀའ་ངལ་སེལ་ཐབས་ཤིག་ཡིན་པ་དང་།
སུད་སི་གྲོང་ཁྱེར་Zurich ནང་གནས་བཞུགས་བསོད་གྲགས་ལགས་སུ་མ་འོངས་པར་ང་ཚོའི་ལས་འགུལ་ག་འདྲ་ཞིག་སྤེལ་བ་ཡིན་ན་བོད་དོན་ཐད་ཕན་ཐོག་ཡོང་གི་རེད་བསམ་གྱིན་ཡོད་མེད་དང་། ཐེངས་འདིའི་གོམ་བགྲོད་འདིས་ནུས་པ་ག་འདྲ་ཞིག་ཐོན་པའི་རེ་བ་གནང་གིན་ཡོད་པའི་ཐད་བཅར་འདྲི་ཞུས་པར། ཁོང་གིས། སྤྱིར་བཏང་གིས་བཤད་ན་ལས་འགུལ་ག་འདྲ་ཞིག་སྤེལ་ཀྱང་ཕན་ཐོག་རེ་ཡོང་གི་ཡོད་པ་རེད། གཅིག་དེ་ཡིག་ཆ་འགྲེམས་སྐབས་ཁྱིམ་ཚང་རེ་རེའི་ཡིག་སྒམ་ནང་ཡིག་སྐོགས་ནང་བཅུག་ནས་བླུག་ན་ཕན་གྱིན་རེད་བསམ་པ་ཞིག་དང་། ཡིག་ཆ་གང་ཞིག་མཉམ་འབྲེལ་རྒྱལ་ཚོགས་སོགས་ལ་སྙན་ཞུ་འབུལ་སྐབས་མཐའ་སྐྱེལ་ཞུ་དགོས་པ་དེ་གལ་ཆེན་རེད་དྲན་གྱིན་འདུག མ་འོངས་པ་ན་ང་ཚོས་ལས་འགུལ་ག་འདྲ་ཞིག་སྤེལ་དགོས་པའི་ཐད་བསམ་ཚུལ་ཏོག་ཙམ་ཞུས་པ་ཡིན་ན། སུད་སི་ནང་སུད་སིའི་མི་སེར་ལག་འཁྱེར་རག་ཡོད་མཁན་གྱི་བོད་མི་ཚོས་ཤུགས་བརྒྱབས་ནས་སི་པན་ལུང་པའི་ནང་རྒྱ་ནག་གི་སྲིད་འཛིན་ཟུར་བ་ཧོའུ་ཅིང་ཐོའོ་ཁྲིམས་ལ་གཏུག་བཞིན་པ་ལྟར། མི་སེར་གཅིག་གི་ནུས་པས་དེ་ལྟ་བུའི་ནུས་པ་ཞིག་ཐོན་པ་ཡིན་ན། ང་ཚོའི་སུད་སི་ནང་བོད་པ་སུད་སི་མི་སེར་ཆགས་ཡོད་མཁན་བོད་མི་སྟོང་ཕྲག་ཁ་ཤས་ཤིག་གིས་ཤུགས་བརྒྱབ་པ་ཡིན་ན། སོ་སོའི་ས་ཁུལ་གྱི་གཞུང་གི་ནང་བོད་དོན་གླེང་སློང་བྱེད་པ་སོགས་ཀྱི་ཐད་ནུས་པ་ཞིག་ཏན་ཏན་འཐོན་རྒྱུ་རེད་དྲན་གྱིན་ཡོད་པས། དེ་ལ་བོད་པ་ཚོས་དོ་སྣང་ངེས་པར་དུ་སྤྲོད་དགོས་པ་ཞིག་རེད་དྲན་གྱིན་ཡོད། ཅེས་དང་། སྤྱིར་བཏང་གི་གོམ་བགྲོད་འདི་ལ་གྲུབ་འབྲས་འདི་འདྲ་ཞིག་འཐོན་རྒྱུ་རེད་ཟེར་ནས་ཞུ་ཁག་པོ་ཞིག་རེད་དེ། ཡིན་ཡང་རྒྱལ་སྤྱིའི་མི་མང་གི་སེམས་ལ་ཚོར་བ་ཞིག་སྤྲོད་ཐུབ་གི་རེད་དྲན་གྱིན་ཡོད་ལ། དེ་བཞིན་བོད་ཕྱི་ནང་གཉིས་ཀྱི་ནང་ལ་སེམས་ཚོར་སློང་བ་སོགས་ཡོང་གི་རེད་དྲན་གྱིན་འདུག ལྷག་པར་དུ་གསར་ལམ་ཁག་གིས་དོ་སྣང་སྤྲོད་ཀྱིན་པ་བཅས་ཀྱིས་བོད་དོན་ཁྱབ་བསྒྲགས་ཀྱང་ཡག་པོ་ཡོང་གི་རེད་དྲན་གྱིན་ཡོད། ཅེས་གསུངས་སོང་། ཙ་ཡུལ་ཕུན་ཚོགས།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།