ཞི་བདེའི་གཟེངས་རྟགས་དུས་དྲན་ཐེངས་ ༢༦ པ་གཟབ་རྒྱས་ངང་སྲུང་བརྩི་ཞུས་པ།
༄༅། བོད་རྒྱལ་ལོ་ ༢༡༤༢ རབ་གནས་ཤིང་ལུག་མགོ་ཟླའི་ཚེས་ ༡༡ དང་ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༡༢ རེས་གཟའ་སྤེན་པའི་ཉིན་འཛུ་རིག་ཉེ་འགྲམ་བྷུའི་ལག་གྲོང་སྡེའི་ཚོགས་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་གྲགས་ཅན་གྱི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་བསྐྱངས་ནས་མི་ལོ་ ༢༦ འཁོར་བའི་དུས་དྲན་གཟབ་རྒྱས་ངང་སྲུང་བརྩི་ཞུས་པ་རེད།
དེ་ཡང་གཞན་དབང་སྟབས་བསྟུན་དགོས་པ་ལྟར་དུས་དྲན་ཕྱི་འགྱངས་ཀྱིས་གོང་ཚེས་ཉིན་ས་གནས་སུ་གནད་སྡོད་བོད་རིགས་མི་མང་ ༡༤༠༠ བརྒལ་བ་དགའ་དད་སྤྲོ་གསུམ་གྱི་གཟབ་འཆོར་ངང་ཕྱེད་ཡོལ་ཕྱག་ཚོད་ ༡༢།༣༠ ཐོག་ལྷན་འཛོམས་ཀྱིས་སྐུ་མགྲོན་གཙོ་བོ་རི་ཀོན་ཆོས་འཁོར་དགོན་གྱི་མཁན་བླ་དགེ་འདུན་རྣམ་པ། ཡུ་རོབ་བོད་མི་མང་ཕྱོགས་བཞུགས་སྤྱི་འཐུས་བཀྲས་མཐོང་དབང་པོ་ལགས། སྤྱི་འཐུས་ལས་ཟུར་རྣམ་པ། ཤར་དབུས་ཡུ་རོབ་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱ་ཟླ་བ་ཚུལ་ཁྲིམས་ལགས། གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་མཛད་གཙོ་རྣམ་པ་བཅས་ཕྱི་ནང་སྐུ་མགྲོན་རྣམས་ནས་མགོན་པོ་མཆོག་གང་ཉིད་ཀྱི་༸སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་རྒྱ་གླིང་སྤོས་སྣེ་དང་ས་གནས་མི་མང་ཟློས་གར་ནས་རྔ་རོལ། ས་གནས་བོད་སློབ་སློབ་ཕྲུག་རྣམས་ནས་ལག་ཏུ་མེ་ཏོག་བཅས་སྔོན་བསུས་ཏེ་ཚོགས་ཁང་ནང་གདན་ཞུ་དང་བཞུགས་ཁྲིར་མངའ་གསོལ་ཞུས་མཚམས་མི་མང་ཟློས་གར་ནས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་རྗེས་རྒྱལ་གཅེས་ལྷག་བསམ་ཅན་དཔའ་བོ་དཔའ་མོ་སྐུ་ལུས་མེ་མཆོད་ཕུལ་མཁན་བརྒྱ་དང་བཞི་བཅུ་བརྒལ་བ་རྣམས་ལ་རྗེས་དྲན་གུས་འདུད་དང་གདུང་སེམས་མཉམ་སྐྱེད་ཆེད་སྐར་མ་གཅིག་རིང་ངག་བཅད་མྱ་ངན་ཞུས།
དེ་རྗེས་སྐུ་མགྲོན་དང་མཛད་གཙོ་རྣམ་པས་༸སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་མཎྜལ་སྐུ་གསུམ་ཐུགས་རྟེན་འདེགས་འབུལ་དང་དཀར་གཙང་མཇལ་དར་ཕུལ། མཁན་བླ་དགེ་འདུན་རྣམ་པའི་དབུ་བཞུགས་ཐོག་༸རྒྱལ་བའི་གསོལ་འདེབས་ཞབས་བརྟན་དང་བདེན་ཚིག་སྨོན་ལམ་གསུང་འདོན་ཞུས། དེ་བཞིན་མི་མང་ཟློས་གར་ནས་བཀྲ་ཤིས་ཞོལ་པ་དང། སུད་སི་སྟོད་པའི་སྐྱིད་སྡུག་ནས་རྒྱལ་གཞས་བཅས་འཁྲབ་སྟོན་ཞུས་རྗེས་མི་མང་ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས་ནས་དུས་དྲན་དང་འབྲེལ་བའི་གསུང་བཤད་དང་གལ་ཆེ་དོན་ཆེའི་གསལ་བསྒྲགས་ཁ་ཤས་གནང་། མི་མང་གི་ཟློས་གར་དང། ས་གནས་བོད་སློབ་ཁག ས་གནས་ཚོགས་ཆུང་ཁག ཚོགས་པ་སྐྱིད་སྡུག་ཁག་བཅས་ནས་རིམ་བཞིན་བོད་ཀྱི་རིག་གཞུང་གསུང་གཞས་དང་ཞབས་གཞས་གཟིགས་འབུལ་ཞུས།
དོན་གཅོད་ལས་བྱ་ཟླ་བ་ཚུལ་ཁྲིམས་ལགས་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་༸དཔལ་ལྡན་བཀའ་ཤག་གི་ཡོངས་ཁྱབ་གསུང་འཕྲིན་དང། མི་མང་ཚོགས་གཞོན་བླ་རྙིང་པདྨ་ཚེ་རིང་ལགས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཡོངས་ཁྱབ་གསུང་འཕྲིན་བཅས་ལྗགས་ཀློག་གནང། དེ་ནས་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་མཆོག ཡུ་རོབ་བོད་མི་མང་སྤྱི་འཐུས་དབང་པོ་ལགས། སུད་བོད་མཐུན་གྲོགས་ཚོགས་པའི་ཚོགས་གཙོ་བཅས་ནས་དུས་དྲན་གྱི་ངོ་བོའི་ཐོག་གསུང་བཤད་གནང། ཕྱག་ཚོད་ ༡༨།༠༠ ཐོག་དགོང་དྲོའི་ཞལ་ལག་བར་གསེང་རྗེས་སུ་རྒྱན་ཤོག་ཨང་རིམ་དང་པོ་ནས་ལྔ་པ་བར་ཐོབ་མཁན་རྣམས་ལ་བྱ་དགའ་གནང་རྗེས་ནེ་ལུང་ཚེ་རིང་སྟོབས་ལྡན་ལགས་ནས་འགོ་འཁྲིད་པས་མང་ཚོགས་ནས་དགའ་སྐྱིད་སྤྲོ་སྣང་ཆེན་པོའི་ངང་སྒོར་གཞས་འཁྲབ་ནས་མཐར་དེ་ཉིན་གྱི་དུས་དྲན་མཚན་ཕྱག་ཚོད་ ༡༡།༠༠ ཙམ་ལ་བཀྲ་ཤིས་ལེ་འགྲིགས་ངང་གྲོལ་བ་བཅས་ཀྱི་གནས་བསྡུས་སུ། གསར་འགོད་པ་བསམ་པ་དོན་གྲུབ།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།