ཛུ་རིག་ནས། གྲོང་ཁྱེར་ཇི་ནེ་ཝ་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ
པྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༠༨ ཉིན་སུད་སི་བོད་རིགས་མི་མང་གི་ཁྱབ་ཁུངས་སུ་ཚོགས་ཆུང་ ༢༥ ཡོད་པའི་ནང་ཚན་ས་གནས་ཛུ་རིགས་ཚོགས་ཆུང་གིས་གོ་སྒྲིག་འོག་ ཛུ་རིག་ནས་ཇེ་ནི་ཝར་བར་བོད་དོན་ཞུ་གཏུགས་སུ་དོན་ཚན་ ༥ ཆེད་དུ་ཞི་བའི་གོམ་བགྲོད་གནང་འགོ་བཙུགས་ཡོད་པ་རེད།
དོན་ཚན་ ༥་ ནི་
༡༽ རྒྱ་ནག་གཞུང་ནས་༧གོང་ས་སྐྱབས་མགོན་རྒྱལ་དབང་རིན་པོ་ཆེ་དབུ་བཞུགས་ཐོག་བོད་རྒྱ་ཞི་འགྲིག་ཡོང་ཐབས་གྲོས་མོལ་དབུ་འཛུགས་གང་མྱུར་ཞུ་དགོས།
༢༽ པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་ས་ཡུལ་གང་དང་གནས་སྟངས་ཇི་འདྲ་ཞིག་འོག་སྐུ་འཚོ་བཞུགས་གནང་གི་ཡོད་མེད་སྐོར་རྒྱ་དམར་གཞུང་གིས་འཛམ་གླིང་མི་མང་མདུན་གསལ་བཤད་བྱེད་དགོས།
༣༽ དེངས་འཛམ་གླིང་སྐྱེ་འགྲོ་ཡོངས་ལ་ནད་དུག་ཏོག་དབྱིབས་འདིའི་རྐྱེན་གཞུང་མང་གདུང་བ་ཤུགས་ཆེ་མྱངས་དང་མྱོང་བཞིན་པའི་ནད་གཞིའི་འབྱུང་ཁུངས་རྒྱ་ནག་གྲོང་ཁྱེར་ཝུ་ཧཱན་ནས་བྱུང་བའི་རྒྱུ་རྐྱེན་གནས་ཚུལ་དངོས་བདེན་ངེས་པར་ར་འཕྲོད་དགོས་ལ། དེ་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་ཚོགས་སམ། ཞིབ་འཇུག་ཚོགས་པ་ཞིག་ནས་བརྟག་དཔྱད་མཐལ་ཕྱིན་པ་གནང་སྟེ་དེའི་འགྲུབ་འབྲས་ཚིག་ཐོ་འཛམ་གླིང་ཐོག་ཡོངས་ཁྱབ་སྤེལ་དགོས།
༤༽ ཨ་རིའི་སྲིད་གཞུང་ནས་བོད་དོན་དང་འབྲེལ་བའི་སྲིད་ཇུས་རྩ་འཛིན་གྱིས་རྒྱ་མིའི་འགོ་ཁྲིད་རྣམས་ལ་ཨ་རིར་འགྲོ་བསྐྱོད་ཐོངས་མཆན་བཀག་སྡོམ་གནང་རྒྱུའི་གྲོས་འཆར་གྲོས་བསྡུར་གནང་མུས་ལྟར། སུད་སི་གཞུང་ནས་ཀྱང་ཕྱོགས་མཚུངས་ཀྱི་ཁྲིམས་ཀྱི་གྲོས་འཆར་སྤེལ་ཏེ་རྒྱ་ནག་གི་ནག་ཉེས་བྱ་སྤྱོད་ལ་ཁྲིམས་མཐུན་གྱི་འགོག་ལན་ངེས་པར་དུ་གནང་དགོས།
༥༽ འཛམ་གླིང་ས་ཡི་གོ་ལའི་སྟེང་དུ་ཆགས་པར་གྲགས་པའི་བོད་ཀྱི་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོབ་བྱ་དགོས། བོད་ས་ཡོངས་རྫོགས་ནང་ཁོར་ཡུག་གི་གནད་དོན་གཉན་འཕྲེང་ཅན་རྩིས་མེད་རྡོག་རོལ་གཏོང་མི་ཆོག་ ཤིང་སྣ་ཕོན་ཆེ་གཅོད་བྲེག་དང་། གཏེར་ཁ་རྔོག་འདོན། ཆུ་རགས་ལ་སོགས་པའི་རང་བཞིན་འབྱུང་བར་གནོད་གཞི་ཅན་གྱིའཛུགས་བསྐྲུན་བྱ་རྒྱུ་མཚམས་འཇོག་བྱ་དགོས།
དེ་ཡང་ཛུ་རིག་ཚོགས་ཆུང་གི་ཚོགས་གཞོན་གྱི་ཐུགས་འགན་བཞེས་བཞིན་ཡོད་པའི་སྐུ་ཞབས་བསྟན་རྣམས་ལགས་ནས་མ་བསྐུལ་དྭང་བླངས་ཀྱིས་གོམ་བགྲོད་ཀྱི་ལས་འགུལ་འདིར་བོད་མི་རྒྱལ་ཞེན་པ་དཔའ་བོ་ལྔ་ལས་གྲུབ་པའི་རུ་ཁག་སྣེ་འཁྲིད་གནང་གི་ཡོད་པ་དང་ཚེས་༨ཞོགས་པ་ཚོུད་༩པའི་ཐོག་རྒྱ་ནག་གཞུང་ཚབ་ཁང་མདུན་ཐང་དུ་མི་མང་དང་གོམ་བགྲོད་སྣེ་ཁྲིད་པ་བཅས་ལྷན་འཛོམས་ཀྱིས་ཛུ་རིག་འཐུས་མི་ཝང་དཀར་ཚེ་རིང་ནས་ལས་འགུལ་གྱི་ངོ་བོ་ངོ་སྤྲོད་དང་ཁོང་རྣམ་པའི་སྙིང་སྟོབས་དང་ལྷག་བསམ་ལ་རྗེས་སུ་ཡིད་རང་དང་ཐུགས་རྗེ་ཆེ་ཞུས།བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་དང་མི་མང་ལངས་གླུ་བདེན་ཚིག་སྨོན་ལམ་འུར་འདོན་རྗེས་་སྐད་ཤུགས་ཆེན་པོའི་རྒྱ་གཞུང་ངོས་སུ་འབོད་སྒྲ་སྒྲོག།
་དེའི་རྗེས་བོད་རིགས་མི་མང་གི་ཕྱི་འབྲེལ་འགན་འཛིན་ཞི་སྲས་ཚང་བློ་བཟང་ལགས་ཀྱིས་དབྱིན་སྐད་ཐོག་གོམ་བགྲོད་ཀྱི་དོན་ཚན་རྣམས་རེ་རེ་བཞིན་སྐད་ཞུགས་ཆེན་པོའི་ཀློག་གནང།
དེ་ནས་ Lindenhofplatz བར་ཚོུད་ཕྱེད་ཀ་མི་མང་ལྷན་གོམ་བགྲོད་གནང་ Lindenhofplatz སུད་སི་བདེ་སྲུང་སྤྱི་ཁྱབ་འགན་འཛིན་ Mario Fehr དང་བོད་རིགས་མི་མང་གི་ཚོགས་གཙོ་མཚམས་མདའ་ནོར་བུ་ལགས་ཕེབས་སོང། ཚོགས་གཙོ་མཚམས་མདའ་ནོར་བུ་ལགས་ཀྱིས་ བོད་དབྱིན་གཉིས་ནས་ལས་འགུལ་བ་ལ་མངགས་བརྗོད་དང་ཐུགས་རྗེ་ཆེ་ མ་ཟད་ད་ལྟ་སྐབས་སུ་ཏོག་དབྱིབས་ནད་དུག་རྐྱེན་པས་འཛམ་གླིང་མིང་གི་རྒྱ་ནག་ལ་ལྟ་སྟངས་ཡག་པོ་མེད་པའི་སྐབས་སུ་བོད་དོན་ལས་འགུལ་སྤེལ་ཡ་འདི་གོ་སྐབས་ཡག་ཤོས་རེད་དང་ སུད་སི་བདེ་སྲུང་སྤྱི་ཁྱབ་འགན་འཛིན་ Mario Fehr མཆོག་ལ་དུས་ཡུན་རིང་པོ་རིང་བོད་དོན་ལ་རྒྱབ་སྐྱོར་གནང་བ་ཐུགས་རྗེ་ཆེ་ཞུས་ སུད་སི་བདེ་སྲུང་སྤྱི་ཁྱབ་འགན་འཛིན་ Mario Fehr མཆོག་ནས་ སུད་སི་མངའ་་སྡེ་འཛིན་སྐྱོང་དང་ང་རང་སྒེར་ནས་མཚམས་འདྲི་ཞུ་
དེ་རིང་འདི་གར་འཛོམས་ས་ས་ཆ་འདི་ལོ་རྒྱུས་རིང་པོ་ཡོད་པའི་ས་ཆ་རེད་ ས་ཆ་འདི་ནས་མགོ་འཛུགས་སྟེ་སུད་སི་ཕྱེད་ཀ་ཙམ་བར་ཉི་མ་དང་བདུན་ཕྲག་འགྲོ་ཡ་འཆར་གཞི་འདུག ༡༩༦༣ ལོ་བོད་པ་སུད་སི་ནང་ཐེང་དང་པོ་འབྱོར་བ་རེད་ བོད་མི་མང་པོ་ཞིག་ཐག་རིང་ཐག་རིང་ནས་སླེབས་བཞིན་སྐུ་ལས་མང་པོ་རྒྱབ་སྟེ་སུད་སི་ནང་གནས་ཐུབ་ཡོད་ ད་ཆ་བོད་མི་མི་འབོར་བདུན་སྟོང་ནས་བརྒྱད་སྟོང་བར་ཟིན་ཡོད་པ་རེད་ སྔར་སུད་སི་ནང་མངའ་སྡེ་དུས་ཆེན་བཏང་སྲོལ་ཡོད་པ་དེའི་གྲལ་ནས་བོད་པས་མོག་མོོག་བཙོང་གི་རེད། བོད་མི་ཧང་སང་ཡ་དམིགས་གསལ་རེད་ ང་མོག་མོག་ཟ་རྒྱུ་དགའ་པོ་ཡོད། དམག་སྒར་ནས་བོད་པ་ཕོ་གསར་གཉིས་དམག་མི་ནས་ཐོན་ཁར་ཁོང་གཉིས་ལ་དམག་མི་ཞུགས་དགོས་དོན་གར་ཡིན་སྐད་ཆ་དྲིས་སྐབས་ ང་ཚོའི་ཕ་མ་སུད་སི་ནང་འབྱོར་སྐབས་སུད་སི་གཞུང་བཀའ་དྲིན་ཆེན་པོ་ཡིན་ གཞུང་ལ་དྲིན་ལན་སོད་ཆེད་ཡིན་ཟེར་གྱི་འདུག་ དེང་སྐབས་བོད་པ་ སྨན་ཁང་གི་འགན་འཛིན་དང་ སྲིད་དོན་པ་སོགས་མང་པོ་ཐོན་ཡོང་གི་ཡོད་པ་རེད་ སུད་སི་ནང་བོད་མི་དམིགས་གསལ་གྱི་མི་སྣ་ཐོན་མཁན་མང་པོ་རེད་ ༧ གོང་ས་མཆོག་གི་ཐུགས་རྗེ་རེད་ ལྷག་པར་དུ་༧གོང་ས་མཆོག་གི་ཞི་བའི་ཐབས་ལམ་སེལ་ཐབས་ཁོ་ནས་དགོངས་ཚུལ་གསུང་མཁན་རེད་ ང་རང་སྒེར་གྱི་མི་ཚེ་ནང་བསོད་ནམས་ཆེན་པོ་ཡིན་ མཇལ་ཁ་མང་པོ་རག་བྱུང་ སུད་སི་ནང་བོད་པའི་དཀའ་མྱོག་ཆེད་རྒྱབ་སྐྱོར་མཐོང་ཚུལ་ཡག་པོ་ཡོད་རེད་ གོམ་བགྲོད་འབོད་སྒྲ་འདི་ཞི་བའི་སྒོ་ནས་ཡང་དག་པ་རེད་འདུག་ རྒྱབ་སྐྱོར་བྱེད་དགོས་པ་རེད་ མངའ་སྡེ་འཛིན་སྐྱོང་ངོས་ནས་རྒྱབ་སྐྱོར་མུ་མཐུད་ནས་བྱེད་ཀྱི་རེད་ ང་རང་ངོས་ནས་མ་ཤི་བར་དུ་བྱེད་རྐྱང་ཡིན་ མཐའ་མར་ངས་མངའ་སྡེ་འཛིན་སྐྱོང་གི་ཚབ་ཞུས་སྟེ་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ་ཡི་ཡོད་བཅས་གསུང་སྟེ་ གོམ་བགྲོད་ཕེབས་མཁན་རྣམས་སུ་སུད་སི་འགུག་གྲི་རེར་གསོལ་རས་གནང་སོང།
ཕྱག་ཚོད་ ༡༢།༠༠ ཐོག་གོམ་བགྲོད་པ་རྣམས་ Baden ཕྱོགས་སུ་གོམ་བགྲོད་དབུ་འཛུགས་བྱས་ནས་ཕེབས་སོང་།
གསར་འགོད་པ་ཝང་དཀར་ཚེ་རིང།
སྤྱིར་ཕྱི་རང་དབང་ལུང་པར་གནས་པའི་བོད་མི་ཡོད་དོ་ཅོག་གི་ཕྲག་པར་བོད་སྤྱིའི་རྩ་དོན་འཐབ་རྩོད་ཀྱི་འགན་བབས་ལྗི་མོ་ཞིག་འཁུར་ཡོད་པ་སྨོས་མི་དགོས་ཤིང་། བཙན་འཛུལ་བ་དགྲ་བོ་རྒྱ་དམར་གྱིས་བོད་ནང་གཞིས་བཞུགས་བོད་མིར་དྲག་རྩུབ་སྤྱོད་ངན་གྱི་སྲིད་བྱུས་ལག་བསྟར་ལ་ངོ་རྒོལ་དང་། ཆབས་ཅིག་དྲང་བདེན་དང་། ཞི་བདེ། མང་གཙོ་རང་དབང་ལ་བརྩི་བཀུར་དགའ་ཞེན་ཅན་གྱི་འཛམ་གླིང་མི་མང་མདུན་སར། གཞིས་བྱེས་བོད་མི་ཡོངས་ཀྱི་སེམས་གཏིང་གི་མདུན་མ་ཇི་ཡོད་གསལ་པོ་ངོ་སྤྲོད་པ་དང་མངོན་ཐུབ་པར་བྱ་རྒྱུའི་དམིགས་ཡུལ་བཟུང་སྟེ་འདི་ག་ཛུ་རིག་ཚོགས་ཆུང་ནས་གོ་སྐབས་འདི་བཞིན་དམ་འཛིན་གནང་བ་ཞིག་ཡིན་འདུག།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།