ཚེ་རིང་དབང་འདུས་ལགས་ཀྱིས་སུད་སི་གྲོང་ཁྱེར་ཝིན་ཊ་ཐུར་ནས་ཇི་ནེ་ཝ་བར་གྱི་གོམ་བགྲོད་ལས་འགུལ་ལེགས་པར་མཇུག་བསྒྲིལ་བ།
དེ་ཡང་ཟླ་༥ཚེས་༢༧ནས་དབུ་འཛུགས་ཀྱིས་གོམ་བགྲོས་ཉིན་༡༠གནང་སྟེ་མཇུག་འཁྱོང་གནང་ཡུལ་གྲོང་ཁྱེར་ཇི་ནེ་ཝར་འདི་ཟླ ༥་ཚེས་༥རེས་གཟའ་པ་སངས་ཀྱི་ཉིན་བདེ་བར་འབྱོར་ཏེ་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་སྐུ་ཚབ་དང་།སུད་སི་བོད་ཀྱི་བུད་མེད་ཚོགས་པའི་ཚོགས་མི་པདྨ་དབྱངས་མཚོ་གཡུ་འབྲུག་ཚང་།ས་གནས་ལོ་སཱན་ཚོགས་ཆུང་གི་ཚོགས་མི།དུས་ཀུན་བོད་ལ་ཤ་ཞེན་གནང་བའི་ཕྱི་རྒྱལ་མི་རིགས་ཁག་ཅིག་བཅས་ལྷན་དུ་རང་ཉིད་སྒེར་ངོས་ནས་འགོད་བསྒྲིགས་དབྱིན་ཡིག་ཐོག་འཁོད་པ་བོད་ཀྱི་རྩ་དོན་སྙན་ཞུ་ཞིག་མཉམ་འབྲེལ་རྒྱལ་ཚོགས་སུ་འབུལ་བ་གནང་འདུག
སྙན་ཞུའི་ཚིག་ཐོ་ནང་གསལ།བོད་ནང་རྒྱ་ནག་གིས་བཙན་བཟུང་བྱས་པ་ནས་ད་བར་བོད་མི་རྣམས་རྒྱའི་དྲག་རྩུབ་མནར་གཅོད་འོག་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་མོས་སོགས་ལ་བརྩི་མེད་རྡོག་རོལ་གཏོང་བ།ཐུན་མོང་མ་ཡིན་པའི་རིག་གཞུང་གོམས་སྲོལ་ལོངས་སུ་སྤྱོད་རྒྱུར་དམ་དྲག་བྱས་པ།ཀུན་གཟིགས་པཎ་ཆེན་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་དེ་སྔ་༡༩༩༥ལོར་རྒྱ་དམར་གྱིས་བཙན་འཁྲིད་བྱས་ཏེ་ད་ལྟའི་གནས་སྐབས་སུའང་གང་དུ་གནས་བཞུགས་ཡོད་མེད་སུས་ཀྱང་མི་རྟོགས་པའི་གནས་སུ་གྱར་ཡོད་ཅེས་དང་།དེ་ལྟར་འཛམ་གླིང་རྒྱལ་མང་ནས་རྒྱ་ནག་གྱི་བྱ་ངན་ཇི་སྤེལ་ལ་དཔལ་འབྱོར་གྱི་ཁེ་ཕན་ཁོ་ནར་དམིགས་ཏེ་འཇམ་མཁས་དང་ཞི་མཐུན་འགྲིགས་འཇགས་ཀྱི་ད་བར་ལག་བསྟར་སྲིད་བྱུས་དེ་བཞིན་དོར་དགོས་ངེས།རྒྱའི་བྱ་ངན་དེ་དག་ལ་ཞིབ་བཤེར་གནང་སྟེ་ལན་འདེབས་ཚ་ནན་དང་།བོད་རིགས་གཙོས་པའི་རྒྱ་འོག་གནས་པའི་ཡུ་གུར་དང་ཧོང་ཀོང་བཅས་ཀྱི་མི་རིགས་རྣམས་ཀྱི་འགྲོ་བ་མིའི་ཐང་བརྩི་བསྲུང་ངེས་པར་དུ་གནང་དགོས་ཞེས་འཁོད་འདུག
ཉིན་རྒྱབ་ཛུ་རིག་མེ་འཁོར་འབབ་ཚུགས་སུ་བོད་ཀྱི་བུད་མེད་ཚོགས་པའི་སྐུ་ཚབ་ཚོགས་མི་དང་བོད་རིགས་སྤུན་ཟླ་མི་ཉུང་བ་འདུ་འཛོམས་ཀྱིས་ཚེ་རིང་དབང་འདུས་རང་ཉིད་ས་གནས་སུ་ཕྱིར་ལོག་ཁར་ཁོང་ལ་ཐུགས་རྗེ་ལེགས་གསོལ་གྱི་སྣེ་ལེན་མཇལ་དར་བསྒྲོན་ཞིང་།ཁོང་གི་བྱས་རྗེས་ལ་བསྔགས་བརྗོད་དང་གཟུགས་ཁམས་བདེ་བར་གོམ་བགྲོད་ཀྱི་ལས་འགུལ་ལེགས་གྲུབ་བྱུང་བ་ལ་ཐུགས་རྗེ་ཆེ་ཞུ་བ་དང་།དེར་འདུ་འཛོམས་བྱུང་བ་བོད་རིགས་དག་གིས་ཁོང་ལ་དགའ་སྤོབས་ཀྱི་རྣམ་འགྱུར་བཅོས་མ་མིན་པ་བསྟན་པས།བོད་མི་རྩམ་ཟན་པ་ཡོངས་ཀྱི་སེམས་གཏིང་དུ་འཁོལ་བཞིན་ཡོད་པའི་ཚོར་བ་དེ་སླར་དུ་ཕྱི་འཛམ་གླིང་མི་མང་མདུན་སར་གསལ་བར་མངོན་ཐུབ་པ་བྱུང་།དེ་ལྟ་བུའི་བོད་མི་རིགས་ཀྱི་རྩ་དོན་དང་འབྲེལ་བའི་ཞི་བའི་ལས་འགུལ་ཇི་ཡིན་ལ་ཕྱོགས་གང་ས་ནས་འཕྱར་གྲུ་མཉམ་འདེགས་ཀྱི་རོགས་སྐྱོར་མུ་མཐུད་གང་མང་གནང་རྒྱུ་ངེས་ཅན་ཡིན་པ་ངོས་འཛིན་གྱིས་གནས་ཚུལ་སྙིང་བསྡུས་སུ་བཀོད་པའོ།།
གསར་འགོད་པ། རྡེའུ་མཁར་བློ་བསྟན།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།