མ་ཧཱ་གུ་རུའི་འབུམ་ཚོགས་ཐེངས་ལྔ་བའི་སྤྱི་སྨན་ཞབས་རིམ་མཇུག་སྒྲིལ་གནང་།
༢༠༡༨ ཟླ ༥ ཚེས་༡༠ ནས་དེ་རིང་ཚེས་༡༢ བར་ཉིན་གསུམ་རིང་སུད་སི་དང་ལིག་ཏེན་སི་ཊཡན་བོད་རིགས་མི་མང་གི་འཐུས་ཚོགས་སྐབས་༡༧ པས་གོ་སྒྲིག་གནང་བ་ལྟར་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་སྐྱབས་རྗེ་ཀ༔་ཐོག་དགེ་རྩེ་རིན་པོ་ཆེ་མཆོག་འབུམ་ཚོགས་ཀྱི་དབུ་བླར་དབུ་བཞུགས་ཐོག་དེ་རིང་འབུམ་ཚོགས་ཀྱི་སྤྱི་སྨན་ཞབས་རིམ་ལེགས་གྲུབ་མཇུག་སྒྲིལ་གནང་ཡོད་འདུག
དེ་རིང་འབུམ་ཚོགས་ཀྱི་སྤྱི་སྨན་ཞབས་རིམ་སྔ་སྲོལ་བཞིན་ཆོ་ག་ཕྱག་ལེན་རྣམས་ལེགས་གྲུབ་བྱུང་མཚམས། སུད་སི་ས་གནས་མི་མང་རྣམས་ཀྱིས་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས་པ་དང་། དམིགས་བསལ་སྤྱི་འཐུས་དང་། ས་གནས་འཐུས་མི་རྣམས། དེ་བཞིན་མ་ཧ་གུ་རུའི་འབུམ་ཚོགས་ཐད་ཕྱག་ལས་གནང་མཁན་ལས་མི་རྣམས་དང་། ཐབ་ཚང་ནང་ལས་ཀ་ཞུ་མཁན་རྣམས་ཀྱི་གཙོས་པའི་ལས་མི་ཡོངས་ལ་རིན་པོ་ཆེ་མཆོག་གི་ཞལ་མདུན་ནས་མཇར་དར་ཞུས། དམིགས་བསལ་ཐེངས་འདིའི་འབུམ་ཚོགས་ཀྱི་སྤྱི་སྨན་ཞབས་རིམས་ཆེད་ཞལ་འདེབས་སུད་སྒོར་༥༠༠་ཡན་གནང་མཁན་དད་ལྡན་སྦྱིན་བདག་རྣམས་ལ་རིན་པོ་ཆེ་མཆོག་གི་མདུན་ནས་ཕྱག་རྟགས་བསྩལ་ཐོབ་ཞུས།
རིན་པོ་ཆེ་མཆོག་གིས་སུད་སི་ལིག་ཏེན་སི་ཊཡན་བོད་རིགས་མི་མང་གི་འཐུས་མི་རྣམས་ལ་ཆེད་དུ་བཀའ་སློབ་བཀའ་དྲིན་སྐྱོང་གནང་བ་མ་ཟད། འཐུས་མི་རྣམས་ཀྱིས་མ་བོད་ཀྱི་རྩ་དོན་དང་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ཕྱག་ལས་མུ་མཐུད་རྒྱུན་མཐུད་གནང་དགོས་གལ་གྱི་བཀའ་སློབ་སོགས་བཀའ་བསྩལ་གནང་ཡོད་འདུག
མ་ཧཱ་ཧུ་རུའི་འབུམ་ཚོགས་འདི་ནི་སུད་སི་དང་ལིག་ཏེན་སི་ཊཡན་བོད་རིགས་མི་མང་གི་འཐུས་ཚོགས་ཀྱིས་གོ་སྒྲིག་དང་། དེར་དམིགས་བསལ་གུ་རུ་འབུམ་འཚོགས་ཀྱི་གོ་སྒྲིག་ཚོགས་ཆུང་སོགས་ཟུར་འཛུགས་གནང་ཐོག་ལོ་ལྟར་གོ་སྒྲིག་ཞུ་བཞིན་པ་ཞིག་ཡིན་འདུག་ལ། མ་ཧ་གུ་རུའི་འབུམ་ཚོགས་ཐེངས་རེ་རེར་ཆོས་རྒྱུད་རིས་མེད་ཀྱི་དབུ་བླ་གདན་འདྲེན་ཞུས་ཏེ། ས་གནས་མི་མང་གི་བཀའ་ཆོས་དང་། སྤྱི་སྨན་ཞབས་རིམ་སོགས་བསྒྲུབ་གནང་གི་ཡོད་འདུག ཐེངས་འདི་ནི་མ་ཧ་གུ་རུའི་འབུམ་ཚོགས་ཐེངས་ལྔ་བ་ཡིན་འདུག
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།