བྱམས་སེམས་ཀྱི་མེ་ལྕེ(The FlamesofBodhichitta) ཟེར་བའི་གློག་བརྙན་ཞིག་སུད་སིའི་མི་མང་ལ་སྤྱན་འབུལ་ཞུ་བཞིན་ཡོད་པ།

ཟླ་འདིའི་ཚེས་༢༡ཉིན་ལུ་རྫན་ས་གནས་སུ་བྱམས་སེམས་ཀྱི་མེ་ལྕེ(The Flames  ofBodhichitta)ཟེར་བའི་གློག་བརྙན་ཞིག་མི་མང་ལ་སྤྱན་འབུལ་ཞུ་སོང་ལ།  གློག་བརྙན་འདི་བཟོ་བསྐྲུན་པ་ནི་ཨ་རིར་གཏན་སྡོད་བྱེད་མཁན་ལྷག་བསམ་ལགས་ཡིན་པ་དང་ཁོང་རྒྱ་གར་རྡོ་རྗེ་གླིང་དུ་སྐྱེས་ཤིང་བུ་ཁྱིམ་སློབ་གྲྭ་ནས་འཚར་ལོངས་བྱུང་། སློབ་གྲྭ་ཐོན་རྗེས་དམག་སྒར་ཨང་༢༢་བོད་པའི་དམག་མི་ནང་ལོ་ངོ་བཅུ་གཉིས་རིང་ཞབས་ཞུ་སྒྲུབ། དེ་རྗེས་སྡེ་ར་དུན་བོད་སློབ་ནང་རྩེད་མོའི་དགེ་རྒན་ལོ་བཞི་རིང་གནང་མྱོང་བ་མ་ཟད་ཁོང་ནི་བོད་ཀྱི་གཞས་པ་ཞིག་ཀྱང་ཡིན་པས་སྐབས་དེར་ཁོང་གིས་ལྷག་བསམ་ཟེར་བའི་གཞས་ཀྱི་སྒྲ་ཐག་གསུམ་སྤྱི་ཚོགས་སྟེང་འགྲེམ་སྤེལ་བྱས་ཡོད། 

སྤྱི་ལོ་༢༠༠༢ལོར་ཁོང་ཨ་རིར་ཕེབས་ཏེ་སྐྱབས་བཅོལ་ཞུས། ཨ་རི་ནང་ཡོད་པའི་གཞོན་ནུའི་ནང་ལོ་གཉིས་དང་ཕ་མའི་ཚོགས་ཆུང་གི་ཚོགས་གཙོ་བྱས་ཡོད། དེང་སྐབས་ཁོང་རང་ཉིད་ཀྱི་གློག་བརྙན་བཟོ་བསྐྲུན་ལ་བརྟེན་ནས་བོད་ཀྱི་རྩ་དོན་དང་འབྲེལ་བའི་ཕྱག་ལས་གནང་དང་གནང་བཞིན་པ་ཞིག་རེད་འདུག  ༢༠༠༨ཀྱི་ཕྱི་རྒོད་ཆེན་མོའི་སྐབས་བོད་ཀྱི་གནས་ཚུལ་རྣམས་ཁོང་གིས་བརྙན་ཐུང་བཟོས་ཏེ་ཡང་བསྐྱར་ཡང་བསྐྱར་དྲ་ལམ་དུ་བཏང་བས་མང་ཚོགས་ཀྱིས་གདེང་འཇོག་ཤུགས་ཆེན་པོ་ཐོབ་ཡོད། དེར་བརྟེན་༢༠༠༦ནས་སོ་སོས་སྦྱོང་བརྡར་གྱིས་པར་དང་བརྙན་ཐུང་མང་པོ་བཟོས་ནས་ངོ་དེབ་དང་ཡུ་ཊུབ་ནང་དུ་གང་མང་བཏང་བས་གྲུབ་འབྲས་འབུར་དུ་ཐོན་ཡོད་པ་མ་ཟད་ད་རེའི་བྱམས་སེམས་ཀྱི་མེ་ལྕེ་ཟེར་བའི་གློག་བརྙན་འདི་ཨམ་སེ་སྒྲེན་གློག་བརྙན་འགྲན་བསྡུར་གྲལ་དུ་ཞུགས་ཐུབ་ཡོད་པ་དང་དེང་སྐབས་རྒྱལ་སྤྱི་སྟེང་རང་ལུས་མེར་སྲེག་སྐོར་གྱི་གློག་བརྙན་འདི་ཁོང་གིས་ཡོ་རོབ་སོགས་རྒྱལ་ཁབ་འདྲ་མིན་ནང་བསྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པ་རེད་འདུགཁོང་གིས་གློག་བརྙན་འདི་གཟིགས་འབུལ་མ་ཞུ་སྔོན་ལ་གསུངས་དོན།         ང་ཚོ་ཚང་མ་ལས་ཀ་དང་དངུལ་རྐྱང་རྐྱང་ལ་མགོ་འཁོར་ནས་མཚམས་རེར་བོད་དོན་ཐོག་བསམ་བློ་འཁོར་མ་ཐུབ་པའི་སྐྱོན་ཞིག་ཡོད་པ་རེད།   དེ་འདྲ་ཡིན་ཙང་དྲན་གསོ་ཞིག་དང་མི་མང་ལ་སེམས་ཤུགས་འཁུར་བའི་ཆེད་དུ་ཡིན་པ་ལས་གཞན་དམིགས་བསལ་གང་ཡང་མེད་གསུང་པ་དང་། མུ་མཐུད་ནས་གསུང་དོན་རྣམ་པ་ཚོས་བསམ་བློ་གཏོང་དང་བོད་ནང་གི་རང་ལུས་མེར་སྲེག་གཏོང་མཁན་རྣམས་ལོ་ན་ཆུང་ཆུང་ཁོ་ན་རེད་འདུག འཛམ་བུ་གླིང་ལ་འདི་འདྲ་ཞིག་བྱུང་མྱོང་ཡོད་པ་མ་རེད། ད་བར་དུ་རང་ལུས་མེར་སྲེག་གཏོང་མཁན་དེ་འདྲ་རྒྱ་ནག་དང་འཇར་པན། བེའུ་ཐི་ནན་ནང་ལ་བྱུང་ཡོད་ནའང་ལོ་རྒྱུས་ནང་འདི་འདྲ་ཞིག་ད་བར་བྱུང་མྱོང་མེད།  ཡིན་ཡང་གཅིག་གིས་གཅིག་བསོད་རེ་བྱས་པ་ས་ཡ་ས་ཡ་དེ་འདྲ་བྱུང་ཡོད་པ་རེད། དེ་འདྲ་བྱུང་མ་མྱོང་བའི་རྒྱུན་མཚན་ངས་ག་རེ་མཐོང་གི་ཡོད་ཟེར་ན་ང་རང་ཚོའི་མི་འདི་ཧ་ཅང་ཡག་པོ་ཡིན་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། དངོས་གནས་དྲང་གནས་ཆོས་དང་རིགས་གཞུང་གི་བཀའ་དྲིན་ལ་རྒྱ་མི་གཅིག་ཀྱང་མ་བསད་པར་སོ་སོ་འུ་ཐུག་ཐབས་ཟད་ཀྱིས་ལུས་ལ་ས་སྣུམ་བླུགས་ནས་ཐུགས་རྗེ་གཟིགས། ཞུ་བ་འཐེན་ད་འགྲིག་སོང་། ལུང་པ་འཕྲོག་སོང་། མི་རིགས་དང་རིག་གཞུང་རྩ་མེད་གཏོང་གིན་འདུག་ང་ཚོའི་དཔལ་འབྱོར་ཡོད་ཚད་ཚང་མ་འཕྲོག་སོང་།  ད་ཅུང་ཙམ་བསམ་བློ་གཏོང་རོགས་ཟེར་ནས་ཕར་ལག་པ་མ་བསྒུལ་པར་སོ་སོའི་ཐུགས་བསམ་བཞེས་ནས་མེར་སྲེག་གཏོང་གི་ཡོད་པ་རེད།  བསད་ན་བསད་མ་ཐུབ་པ་དང་གཏོར་གཤིག་གཏོང་མ་ཐུབ་པ་ཞིག་མ་རེད། དེ་འདྲ་བྱས་ན་གྲུབ་འབྲས་ཡོད་པ་མ་རེད།  ཡིན་ཙང་ཐུགས་རྗེ་གཟིགས་རོགས་གནང་ཟེར་གྱི་ཡོད་པ་རེད།  ང་རང་ཚོའི་དབུ་ཁྲིད་༧སྤྱི་ནོར་གོང་ས་སྐྱབས་མགོན་མཆོག་གིས་ཞི་བའི་ལམ་དེ་གལ་ཆེན་པོ་གཟིགས་ཀྱིན་ཡོད་པ་དང་ང་རང་ཚོ་མི་འབོར་ཆུང་ཆུང་དང་ནང་བའི་ཆོས་བྱེད་མཁན་ཞིག་ཡིན་དུས་ཁོང་རྣམ་པའི་མཛད་རྗེས་དེ་ཧ་ལས་པ་ཞིག་དང་ཁོང་ཚོའི་མཛད་རྗེས་མཐོང་དུས་ང་རང་ང་རང་ལ་དྲི་བ་ཆེན་པོ་ཞིག་སླེབས་ཡོང་གིན་འདུག ད་དཀོན་མཆོག་མཁྱེན་ཁོང་ཚོ་ག་རེ་བྱས་པ་ཡིན་ན། སོ་སོའི་འཛུབ་མོ་སྒྲོན་མེ་སྟེང་ལ་བཞག་ནས་ཚོད་ལྟ་བྱས་དུས་སྐར་ཆ་གཅིག་གཉིས་ལའང་བཟོད་མི་ཐུབ་པས་ང་རང་ང་རང་མེར་སྲེག་གཏོང་ཐུབ་ས་མ་རེད། སྐད་ཆ་དྲང་མོ་ཡིན། ཡིན་ནའང་དུས་ཚོད་དང་གནས་སྟངས་ཞིག་ལ་རག་ལས་ཀྱི་ཡོད་པ་རེད།

དེ་འདྲ་ཡིན་དུས་ཁོང་རྣམ་པའི་སེམས་ནང་གི་སྐད་ཆ་རྣམས་ཡིག་ཐོག་ལ་བྲིས་ནས་བཞག་ཡོད་པ་རེད་ང་ཚོས་རྗེས་ལ་བལྟ་ཆོག་གི་རེད་འདིའི་ནང་ལ་ཡོད། ཁོང་རྣམ་པས་ཐུགས་བསམ་བཞེས་ཏེ་སང་ཉིན་ཤི་རྒྱུ་ཡིན་པ་ཧ་གོ་ནས་ང་ཤི་འགྲོ་བ་རེད།  ཐུགས་རྗེ་གཟིགས་ཁྱེད་རང་ཚོ་ལྡོག་རྩ་གཅིག་སྒྲིལ་བྱོས་ཨ། མི་རིགས་འདི་ཁྱོན་ནས་མ་བརྗེད་པ་བྱོས།  ༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་གིས་སྒྲུབ་རོགས་གནང་། སྤྱི་ཚོགས་ལ་ཕན་ཐོག་ཡ་གི་ལས་ཀ་བྱེད་རོགས། མི་རིགས་ལ་ཞེན་ཁོག་གནང་རོགས།ཟེར་ནས་མ་ཤི་གོང་ལ་བྲིས་འདུགཁོང་རྣམས་ར་བཟི་བ་སོགས་ནི་མ་རེད། སང་ཉིན་ཤི་བ་ཡིན་པ་ཐག་བཅད་ནས་དེ་འདྲ་བྲིས་ནས་བཞག་པ་དེ་ཧང་སང་བ་རེད། གཟིགས་དང་ཁོང་རང་ཚོ་གཞོན་སྐྱེས་རྐྱང་རྐྱང་རེད།  ད་ཁོ་རང་ཚོས་བྱས་ཡོད་པ་དེ་ང་ཚོས་བྱས་དགོས་པ་རེད་དམ་མ་རེད་དྲི་བ་ཆེན་པོ་ཞིག་དང་སོ་སོས་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་རེད།  དེ་རིང་ང་འདིར་ཡོང་ནས་རྣམ་པ་ཚོ་ལ་འདི་གནང་དགོས་པ་རེད་ཟེར་ནས་ཞུ་རྒྱུའི་སྤོལ་པ་དང་འཇོན་ཐང་། སློབ་སྦྱོང་དང་བློ་ཁོག་གང་ཡང་མེད། སོ་སོ་སྟེང་ལ་འགན་ཞིག་སླེབས་འདུག་བསམ། གཟིགས་དང་ང་ཚོའི་མི་ཐོག་རྒན་པ་རྣམས་བཀྲིན་ཆེན་པོ་རེད་ཨ།  ང་ཚོ་འདིར་ཟ་ཆོག་ཆོག་དང་འཐུང་ཆོག་ཆོག་ཡོད་པ་འདི་རྒན་པ་རྣམས་ཀྱི་དྲིན་རེད། ཁོང་ཚོའི་བཀའ་དྲིན་ནམ་ཡང་མ་བརྗེད་པ་བྱས་ཅེས་གསུངས་ཏེ་དེ་རིང་ང་འདིར་སླེབས་ཐུབ་པ་དེ་ཨ་ཅག་སེ་ཟུངས་ལགས་དང་གྲོགས་མིག་དམར་ལགས་སོགས་ཀྱི་བཀའ་དྲིན་ཡིན།  དེ་ཡང་དྭང་བླངས་ཐོག་ལས་ཀ་བྱས་ཡོང་དུས་ང་རང་སེམས་ཤུགས་སྐྱེས་སོང་ལ་ཁོང་ཚོ་ལ་ཚང་མས་ཕྱག་གཅིག་ལྡེབ་རོགས་བྱོས་གསུངས་སོང་། དེ་ནས་ཁྱོད་ཚོ་ཚང་མ་འདིར་ཕེབས་པར་བཀའ་དྲིན་ཆེ་ཞུ་བ་

དང་གློག་བརྙན་འགོ་བཙུགས་སོང་ལ།  གློག་བརྙན་འདི་རིང་ཐུང་དུས་ཚོད་༡་༡༣རང་ལུས་མེར་སྲེག་གི་སྐོར་གཞིར་བཟུང་ཏེ་བཟོས་པ་ཞིག་དང་བོད་ཀྱི་རྩ་དོན་དང་འབྲེལ་བའི་དངོས་བྱུང་གི་པར་རིས་དང་བརྙན་ཐུང་། མེར་སྲེག་གནང་མཁན་ཚོའི་ཞལ་ཆེམས་དང་ཕྱག་བྲིས། ༧གོང་ས་མཆོག་གཙོས་བླ་ཆེན་དང་མཁས་པ་སོགས་ཀྱི་བཀའ་སློབ་སྙིང་བསྡུས། མི་མང་གི་སེམས་ཀྱི་སྡུག་བསྔལ་སོགས་ཕྱོགས་སྒྲིག་གི་གློག་བརྙན་ཞིག་དང་། ཆེད་དུ་རྒྱལ་སྤྱི་སྟེང་རང་ལུས་མེ་སྲེག་གི་ངོ་བོ་འདི་ར་འཕྲོད་པ་ཞིག་དང་བོད་ཀྱི་གནས་སྟངས་སོགས་ཁྱབ་བསྒྲགས་ནུས་པ་ཤུགས་ཆེན་ཡོང་བར་དམིགས་ནས་དབྱིན་སྐད་ཐོག་བཟོས་པ་ཞིག་རེད་འདུག གློག་བརྙན་འདི་མཇུག་རྫོགས་པ་དང་དྲི་བ་དྲིས་ལན་བྱས་སོང་ལ་མ་འོངས་པར་གློག་བརྙན་བཟོ་དགོས་པ་དང་ཡར་རྒྱས་སུ་གཏོང་ན་མང་ཚོགས་ནས་དཔལ་འབྱོར་གྱི་རོགས་སྐྱོར་མེད་ན་དཀའ་ལས་ཁག་པོ་ཡིན་པའི་དགོངས་ཚུལ་གསུངས་པ་དང་མི་མང་གིས་རྒྱབ་སྐྱོར་ཡོད་པ་མཚོན་བྱེད་དུ་འདྲ་པར་ཞིག་སྒྲོན་ནས་གློག་བརྙན་གཟིགས་འབུལ་གྱི་ལས་འགུལ་དེ་མཇུག་སྒྲིལ་སོང་བའི་གནས་ཚུལ།
གསར་འགོད་པ་གངས་ལྷག་བསམ་ནས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 5 སྡོམས་རོགས།