བོད་ཡིག་སློབ་གྲྭ་ནང་ཁུལ་ལོ་རེའི་བོད་ཀྱི་སྐད་ཡིག་འགྲན་སྡུར་ཐེངས་བདུན་པ་དེ་ཚོགས་ཐུབ་པ་བྱུང་ཡོད།

ཕྱི་ལོ་ ༢༠༢༢ ཟླ། ༦ ཚེས། ༡༡ ཉིན་སུད་སི་དང་ལིག་ཏེན་སིཊཡན་ནང་ཡོད་པའི་བོད་ཡིག་སློབ་གྲྭ་ཁག་གི་ནང་ཁུལ་ལོ་རེའི་ཕ་སྐད་ཉིན་མོའམ་བོད་ཀྱི་སྐད་ཡིག་འགྲན་སྡུར་ཐེངས་བདུན་པ་དེ་སུད་སི་ནང་གྲོང་ཁྱེར་ཝེ་དེནསི་ཝིལ་དུ་ཚོགས་ཐུབ་པ་བྱུང་ཡོད། དེ་ཡང་སུད་སི་དང་ལིག་ཏེན་སིཊཡན་ནང་ཡོད་པའི་བོད་སློབ་ཁག་བཅོ་བརྒྱད་ནས་སློབ་ཕྲུག་ཁྱོན་བསྡོམས་ ༣༠༠ ལྷག་ཙམ་མཉམ་ཞུགས་གནང་ཡོད། མཛད་རིམ་གྱི་ཐོག་མར་ཞལ་འདོན་དབུ་འཛུགས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་རྣ་བའི་བཅུད་དུ་གྱུར་པའི་ང་ཡི་རྩ་བའི་བླ་མ་ཞེས་པའི་༧གོང་ས་མཆོག་ལ་བསྟོད་གླུ་དབྱངས་སུ་གྱེར།

བོད་སློབ་སྤྱི་ཁྱབ་འགན་འཛིན་ནས་མཚམས་འདྲིའི་གསུང་བཤད་དང་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་ཚོགས་གཙོ་མཆོག་ནས་དགའ་བསུའི་གསུང་བཤད་བསྒྲུབས་རྗེས་བོད་ཀྱི་ཡིག་གཟུགས་དབུ་ཅན་དང་དབུ་མེད་ཀྱི་འབྲི་རྩལ། བོད་ཡིག་ཀློག་རྩལ་དང་འདྲི་རྩད། སྙན་ངག་གྱེར་འདོན་བཅས་བརྗོད་གཞི་འདི་དག་གི་འོག་སྔོན་འགྲོ་འཛིན་གྲྭ་ནས་འཛིན་གྲྭ་དང་པོ་དང་གཉིས་པ། གསུམ་པ། བཞི་པ་བར་དབུས་བོད་མི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་དཔར་སྐྲུན་གནང་བའི་སློབ་དེབ་གཞིར་བཞག་ཐོག་གོ་སྒྲིག་ཞུས། སློབ་ཕྲུག་རྣམས་ནས་འགྲན་སྡུར་གནང་བའི་སྐབས་བརྒྱ་ཆ་སྤྲོད་མཁན་དམིགས་བསལ་གདན་ཞུས་བྱས་པའི་དཔྱོད་ལྡན་བཟུ་དཔང་དྲུག་སྟེ། དགེ་བཤེས་ལྷ་རམས་པ་བློ་བཟང་ཕུན་ཚོགས་མཆོག མཁན་པོ་བསོད་ནམས་རྒྱ་མཚོ་མཆོག ས་ར་ཟླ་བ་རྒྱལ་མཚན་ལགས། བསྟན་འཛིན་བསམ་འཕེལ་ལགས། བསྟན་འཛིན་ཆོས་བཟང་ལགས། མགོན་པོ་རྣམ་རྒྱལ་ལགས་བཅས་ཡིན།

གོང་གི་གཟུ་དཔང་དྲུག་ནས་གང་ཐག་གཅོད་གནང་བའི་བརྒྱ་ཆ་བསྡོམས་པ་དེ་དག་གཞི་ལ་བཅོལ་ནས་བརྗོ་གཞི་ཚན་པ་སོ་སོར་ཨང་རིམ་དང་པོ་ནས་གསུམ་པ་བར་རྩེ་ཕུད་གསུམ་ལ་དམིགས་བསལ་རྟགས་མ་ཕུལ་བ་དང་། ཡང་རྟགས་མ་མང་ཤོས་བཞེས་གནང་མཁན་གྱི་བོད་སློབ་རྩེ་ཕུད་གསུམ་ལ་དམིགས་བསལ་རྒྱལ་ཁའི་གཟེངས་རྟགས་ཡང་འབུལ་ལམ་ཞུས། སློབ་ཕྲུག་ཚང་མར་རྒྱུན་ལྡན་སེམས་ཤུགས་སྤེལ་ཕྱིར་སློབ་ཕྲུག་གཅིག་ཀྱང་མ་ལུས་པར་ཡོངས་རྫོགས་ལ་མཉམ་ཞུགས་གནང་བ་ཙམ་གྱིས་ཐུགས་རྗེ་ལེགས་གསོལ་གྱི་རྟགས་མ་ཡང་འབུལ་ལམ་ཞུས།

ད་ལོའི་འགྲན་སྡུར་སྐབས་རྟགས་མ་མང་ཤོས་བཞེས་མཁན་གྱི་བོད་སློབ་རྩེ་ཕུད་གསུམ་ནི་ར་པར་སི་ལྦིལ་ཡོ་ནའི་བོད་སློབ་དང་། ཨར་གྷའོ་བོད་སློབ། ཛུ་རིག་བོད་སློབ་གསུམ་རེད་འདུག དཀར་ཕྱོགས་ས་ཟླའི་དུས་ཆེན་ཁྱད་པར་ཅན་ཡང་འཁེལ་ཡོད་སྟབས་ཉིན་གུང་གསོལ་ཚིགས་དཀར་སྐྱོང་ཁམས་གཙང་གོ་སྒྲིག་ཞུས།

ད་རེའི་ཕ་སྐད་ཉིན་མོའི་གོ་སྒྲིག་ཚོགས་ཆུང་དེ་བོད་སློབ་ཁག་ལྔ་སྟེ། ཛུ་རིག ར་པར་སི་ལྦིལ་ཡོ་ན། ཝེ་དེནསི་ཝིལ། ཧོར་གྷན་དང་གྷེ་ལཱ་རུ་སེ་བཅས་ཀྱི་བོད་སློབ་འགན་འཛིན་དང་བོད་སློབ་འདི་དག་ལྔ་པོའི་དགེ་རྒན་བཅས་ཁྱོན་མི་གྲངས་ ༢༢ ཙམ་ཡོད། མཐར་དམིགས་བསལ་གདན་ཞུས་གནང་བའི་སུད་སི་སྐུ་ཚབ་དོན་གཅོད་སྐུ་ངོ་འཆི་མེད་རིག་འཛིན་མཆོག་ནས་ཐུགས་དགྱེས་ཚོར་ཆེན་པོའི་ངང་བཀའ་སློབ་གསུང་གི་བདུད་རྩི་ཞིག་བསྩལ་གནང་མཛད་ནས་ཕ་སྐད་ཉིན་མོའི་མཛད་སྒོ་ཆེན་པོ་དེ་རྒྱལ་ཁའི་ངང་རེ་ཞིག་བསྒྲུབས་སོང་བའི་གསར་གནས་སུ།

བོད་སློབ་སྤྱི་ཁྱབ་འགན་འཛིན་ཚེ་དབང་མུན་སེལ་ནས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 2 སྡོམས་རོགས།