བོད་མི་དགེ་འདུན་པ་གཉིས་ཀྱིས་སླར་ཡང་རང་ལུས་མེར་སྲེག་བཏང་བ།
༢༠༡༢ ཟླ་ ༣ ཚེས་ ༣༠ རེས་གཟའ་པ་སངས།༄༅། །འདི་གར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་གཉིས་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༣༠ ཉིན་བོད་ནང་གི་ཉིན་གུང་ཆུ་ཚོད་ ༡༢།༣༠ ཙམ་ལ་བོད་མདོ་སྨད་རྔ་པ་ཁུལ་འབར་ཁམས་རྫོང་རྒྱལ་རོང་ཚོ་བདུན་ཞང་ཥོ་ལ་ཅང་སྡེ་བའི་ལེ་སྐོ་ཚང་གི་ཚོ་བདུན་ཀིརྟི་དགོན་པའི་དགེ་འདུན་པ་བསྟན་པ་དར་རྒྱས་ལགས། རང་ལོ་ ༢༢ ། ཕ་མིང་ལ་སྐལ་ལྡན་དང་མ་མིང་ལ་དཔལ་མཚོ་ཡིན་པ་ཁོང་དང་། ཥོ་ལ་ཅང་སྡེ་བའི་ཡེ་ཁྲེས་ཚང་གི་ཚོ་བདུན་ཀིརྟི་དགོན་པའི་དགེ་འདུན་པ་འཆི་མེད་དཔལ་ལྡན་ལགས། རང་ལོ་ ༢༡ །ཕ་མིང་ལ་རབ་རྒྱས་དང་མ་མིང་ལ་མ་ཅིག་མཚོ་ཡིན་པ་ཁོང་གཉིས་ཀྱིས་ཚོ་བདུན་ཀིརྟི་དགོན་པ་དང་བར་ཐག་སྤྱི་ལེ་ ༨༢ གྱི་སར་ཡོད་པའི་རྔ་པ་བོད་རིགས་རང་སྐྱོང་ཁུལ་དང་འབར་ཁམས་རྫོང་སྲིད་གཞུང་གཉིས་ཀྱི་ལྟེ་གནས་སུ་རྒྱ་ནག་གཞུང་གིས་བོད་མི་རིགས་རྩ་མེད་དུ་གཏོང་བཞིན་པའི་དྲག་རྩུབ་ཀྱི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་གནང་བཞིན་རང་ལུས་མེར་སྲེག་བཏང་ཡོད་འདུག གནས་ཚུལ་འགྲེལ་བརྗོད་པས་བཤད་པ་ལྟར་ན། དུས་ཐོག་དེར་གཅིག་སྐུ་གྲོངས་ཡོད་ཚུལ་འདུག་ནའང་ད་ལྟའི་ཆར་ཁོང་གཉིས་ཀ་རྒྱ་གཞུང་གིས་སྨན་ཁང་དུ་འཁྱེར་ནས་དམ་བསྒྲགས་ཆེན་པོའི་འོག་ཡོད་པ་དང་། གནས་ཚུལ་དེ་བྱུང་མ་ཐག་ཚོ་བདུན་ཀིརྟི་དགོན་པའི་དགེ་འདུན་པ་རླངས་འཁོར་གསུམ་ཤི་ན་རོ་བདག་དང་གསོན་ན་མི་བདག་བྱེད་དུ་སོང་འདུག་པ་རྣམས་དགོན་པ་ནས་སྤྱི་ལེ་ ༣༢ སར་ཡོད་པའི་འཛེ་སྟོས་ཞེས་པའི་ས་གནས་ཀྱི་དྲག་ཆས་ཉེན་རྟོག་པ་དང་། དམིགས་བསལ་ཉེན་རྟོག་པ་སོགས་ཀྱིས་བཀག་འགོག་བྱས་ཏེ་ཕྱིར་དགོན་པར་བཏང་ཡོད་འདུག་པས། ཁོང་གཉིས་ཀྱི་ད་ལྟའི་ཤི་གསོན་གྱི་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་བྱུང་མི་འདུགདེ་ཡང་བསྟན་པ་དར་རྒྱས་ལགས་དེ་སྔོན་ཕྱི་ལོ་ ༢༠༠༣ ལོ་ནས་ཕྱི་ལོ་ ༢༠༠༩ ལོའི་བར་རྔ་པ་ཀིརྟི་དགོན་པར་མཚན་ཉིད་སློབ་སྦྱོང་བྱས་ནས་བསྡད་ཡོད་འདུག་ལ་ཕྱི་ལོ་ ༢༠༠༩ ལོར་ཕྱིར་ཚོ་བདུན་ཀིརྟི་དགོན་དུ་ཡོང་ཡོད་པ་མ་ཟད། རྟགས་རིགས་འཛིན་གྲྭའི་ནང་གི་སློབ་སྦྱོང་རྩེ་ཕུད་གྲས་ཡིན་འདུག
བསྟན་པ་དར་རྒྱས།དེ་བཞིན་འཆི་མེད་དཔལ་ལྡན་ལགས་ཕྱི་ལོ་ ༢༠༠༩ ལོར་རྔ་པ་ཀིརྟི་དགོན་པར་མཚན་ཉིད་སློབ་སྦྱོང་བྱེད་པར་ཡོང་ཡོད་ཀྱང་ཟླ་བ་ཁ་ཤས་མ་གཏོགས་བསྡད་མི་འདུག དེ་རྗེས་ཕྱི་ལོ་ ༢༠༡༠ ལོར་འཆི་མེད་དཔལ་ལྡན་ལྷ་སར་སོང་སྐབས་ལྷ་ས་ནས་ཉེན་རྟོག་པས་གང་བྱུང་སྔོག་བཤེར་བྱེད་སྐབས་ཁོང་གི་ལག་ཁྱེར་ཁ་པར་ནང་༸གོང་ས་མཆོག་གི་སྐུ་པར་དང་བོད་ཀྱི་རྒྱལ་དར། མཐུན་སྒྲིལ་གྱི་རང་སྒྲ་ཞེས་པའི་གླུ་གཞས་སོགས་ཡོད་པར་བརྟེན། ལྷ་སའི་ས་གནས་ཉེན་རྟོག་པས་ཟླ་བ་གཅིག་ལྷག་འཛིན་བཟུང་བཀག་ཉར་བྱས་ཡོད་འདུགབསྟན་པ་དར་རྒྱས་ལགས་ནི་ཁྱིམ་ཚང་དེར་མིང་སྲིང་ ༤ ཡོད་པ་ནང་ནས་ཆུང་ཤོས་ཡིན་ཞིང་ད་ལྟ་ཤུལ་དུ་ནང་མི་ལྔ་ཡོད་པ་དང་། འཆི་མེད་དཔལ་ལྡན་ལ་ནུ་མོ་གཅིག་དང་ཕ་མ་གཉིས་བཅས་ཤུལ་དུ་ནང་མི་གསུམ་འདུག གནས་ཚུལ་དེ་བྱུང་རྗེས་རྔ་པ་རང་སྐྱོང་ཁུལ་གྱི་ལྟེ་གནས་ཡོངས་རྫོགས་དྲག་ཆས་ཉེན་རྟོག་པ་དང་དམིགས་བསལ་ཉེན་རྟོག་པ་སོགས་འབོར་ཆེན་འགྲེམས་འཇོག་བྱས་ཏེ་དམ་བསྒྲགས་ཤུགས་ཆེན་བྱས་འདུགདགོན་པ་དེའི་མིང་ཆ་ཚང་ལ་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་དགེ་ལྡན་བཀྲ་ཤིས་ཆོས་གླིང་ཡིན་ཞིང་།དེེང་སྐབས་དགེ་འདུན་ཞལ་གྲངས་ ༣༠༠ ལྷག་ཡོད་པའི་རྒྱལ་རོང་ཕྱོགས་ཀྱི་དགེ་ལུགས་པའི་དགོན་པ་ཆེ་ཤོས་ཤིག་ཡིན་འདུག་པ་བཅས།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།