བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ཏེ་ལོ་ངོ་ ༦༠ འཁོར་བའི་དུས་དྲན་སྲུང་བརྩི་གནང་།

སུད་སི་ས་གནས་ཡོ་ན་ Aula Weiden, Jona ཚོགས་ཁང་དུ་རེས་གཟའ་སྤེན་པའི་ཉིན་སུད་སི་ས་གནས་འཐུས་མི་དང་སྐུ་མགྲོན་རྣམ་པ་ལྷན་འཛོམས་ཐོག་༧གོང་ས་མཆོག་གི་སྐུ་པར་གདན་འདྲེན་ཞུས་རྗེས་༧རྒྱལ་བའི་ཞབས་བརྟན་འུར་འདོན་ཞུས་པར་འབྲས་སིལ་གསོལ་ཇ་འདེགས་འབུལ། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་འབུལ་རྗེས་བོད་མི་རིགས་ཀྱི་དོན་དུ་སྐུ་གཤེགས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་མྱ་ངན་སྐར་མ་གཅིག་གནང་། དམངས་གཙོའི་གསར་གཞས་འབུལ་བ་གནང་།

བོད་རིགས་མི་མང་གི་ཚོགས་གཙོ་མཚམས་མདའ་ནོར་བུ་མཆོག་གིས་གསུང་གསལ། བཙན་བྱོལ་བོད་མིའི་མང་གཙོ་གསོལ་གཏོད་གནང་སྟེ་ལོ་ངོ་ ༦༠ འཁོར་བའི་རྩ་ཆེའི་མང་གཙོ་འདི་ལ་མི་མང་གང་མང་མཉམ་ཞུགས་གནང་རྒྱུ་གལ་ཆེན་པོ་ཡིན་པ་དང་། ད་ལྟའི་ཆར་ཏོག་དབྱིབས་ནད་དུག་རྐྱེན་པས་སུད་སི་གཞུང་གི་འཕྲོད་བསྟེན་ལས་ཁུངས་ནས་ལམ་སྟོན་གཞིར་བཟུང་མི་མང་མཉམ་འཛོམས་དང་གཞས་སྣ་འཕྲབ་སྟོན་སོགས་གྲ་སྒྲིག་ཞུས་མི་ཐུབ་ནའང་དྲྭ་རྒྱའི་ལམ་ནས་ཐད་གཏོང་ཐོག་རྒྱ་ཆེ་མི་མང་ལ་གཟིགས་འབུལ་ཞུ་བཞིན་ཡོད། དབུ་ཁྲིད་སྲིད་སྐྱོང་མཆོག་གི་ཉེ་ཆར་བཀའ་སློབ་ནང་༧གོང་ས་མཆོག་གི་བྱིན་བརླབ་འཇུག་པའི་མང་གཙོ་དུས་ཆེན་འདི་རྩ་ཆེན་པོ་གང་འདྲ་ཡིན་པ་ཞུ་མ་དགོས་པར་མང་གཙོ་བྱིན་རླབས་ཅན་འདི་ལ་ཕྱག་ལས་ཧུར་ཐག་གནང་རྒྱུ་དང་། སེམས་ཤུགས་མ་ཆག་པའི་ཐོག་ནས་༧སྐྱབས་མགོན་རིན་པོ་ཆེའི་བཀའ་དགོངས་གཞིར་བཟུང་ཐུགས་འགན་བཞེས་པ་གནང་རོགས་གནང་ཞེས་དང་།

སྲིད་སྤྱི་དང་ས་འཐུས་འོས་འདེམས་གནང་ལ་ཉེ་བར་ཚང་མས་མཉམ་ཞུགས་གནང་རྒྱུ་དང་། ལྷག་པར་དུ་ས་གནས་འཐུས་མི་ཡག་པོ་ཞིག་འདེམས་ཐོན་བྱུང་བ་ཡིན་ན་མི་མང་གི་ལས་དོན་ཚག་ཚུད་ཡོང་བར་སོང་ཚང་མས་ཧུར་ཐག་གནང་རོག་གནང་གསུངས།
སྐུ་ངོ་དོན་གཅོད་འཆི་མེད་རིག་འཛིན་མཆོག་གིས་འཚམས་འདྲི་གནང་སྟེ། སླེབས་ལ་ཉེ་བའི་འོས་བསྡུ་ཆེན་མོ་དེའི་ནང་གི་སྲིད་སྤྱི་གཅིག་པུ་གལ་གནད་ཆེ་བ་མ་ཡིན་པར་ས་གནས་འཐུས་མི་ཡང་གལ་གནད་ཅན་ཞིག་ཡིན། ལྷག་པར་དུ་འོས་མི་ལང་མཁན་སུ་ཡིན་རུང་དེ་ལ་ངན་ལབ་ནམ་ཡང་རྒྱབ་མི་ཆོག་ཞེས་དང་། སུ་ཡིན་རུང་རང་ཉིད་འོས་མིར་ཐོན་པ་ཙམ་གྱིས་ཤིན་ཏུ་ཡག་པོ་རེད་། ཁོང་རྣམས་ལ་བོད་སྤྱི་པའི་འགན་འཁུར་ནས་ལས་ཀ་བྱེད་མཁན་ཞིག་ལ་ངོས་འཛིན་ཞུ་གི་ཡོད་ཅེས་དང་། སུད་སིར་གནས་པའི་བོད་མི་རྣམས་ནས་རང་ཉིད་གནས་ཡུལ་གྱི་སྤྱི་ཚོགས་དང་མཐུན་པ། དེ་བཞིན་ཡུལ་ཁྲིམས་བརྩི་བསྲུང་དགོས་པའི་བླང་དོར་བཀའ་སློབ་གནང་།
རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་མཆོག་ནས། མི་མང་ནང་ཁུལ་འཆམ་མཐུན་གནང་རྒྱུ་དང་། གནས་སྐབས་ཀྱི་འཚོ་བ་ཁོ་ནར་བསམ་མ་བསྡད་པར་མ་འོངས་ཕུག་བསམ་གྱི་ཆེད་དུ་བོད་མི་ཚད་ལྡན་ཞིག་དང་། སྤྱི་པའི་ཞབས་ཞུར་ཚང་ག་ཤིག་ཤིག་གིས་ཕེབས་ཐུབ་པ་གནང་རོགས་ཞེས་གསུངས།

སྤྱི་འཐུས་ཟམ་མདོ་བྱམས་པ་མཆོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་གསུང་འཕྲིན་ལྗགས་ཀློག་གནང་རྗེས། མང་གཙོའི་འགན་དབང་དང་ལས་འགན་ཐུགས་ལ་འཇོག་པ་གནང་རྒྱུ། ཉེ་ཆར་སྤྱི་ཚོགས་དྲྭ་ལམ་ཁག་ནང་འོས་བསྡུ་དང་འབྲེལ་ཏེ་ཆོལ་ཁ་དང་ཆོས་ལུགས་འཐེན་ཁྱེར་གྱི་གནས་ཚུལ་འདྲ་མིན་མཐོང་རྒྱུ་འདུག་པས། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ནང་ཡོངས་རྫོགས་བོད་མི་འཁོད་པ་ཇི་བཞིན་ཐུགས་ལ་འཇོག་རོགས་གནང་ཞེས་གསུངས།
ཚོགས་གཞོན་ཕྱོགས་ཤམ་པ་ཕུན་ཚོགས་མཆོག་གིས་དེ་སྔ་༧གོང་ས་མཆོག་གདན་འདྲང་རྒྱུ་བྱུང་བའི་སྐལ་བཟང་གི་གོ་སྐབས་ཐོབ་བྱུང་ཞེས་དང་། མ་འོངས་སྒྲིག་འཛུགས་སོགས་ཀྱི་ཆེད་དུ་ན་གཞོན་གང་མང་མང་ཕྱག་ལས་གནང་རྒྱུར་ཕེབས་རོགས་གནང་ཞེས་དང་། སྤྱི་ཚོགས་དྲྭ་ལམ་ཁག་ནང་དཔལ་ལྡན་སྲིད་སྐྱོང་གཙོས་པའི་དབུ་འཁྲིད་ཁག་ལ་སྐྱོན་བརྗོད་བྱེད་མཁན་རེ་ཟུང་མཐོང་བས་ཧ་ཅང་བློ་ཕམ་བྱུང་བ་དང་། དེ་ལྟར་མི་གནང་བའི་རེ་བསྐུལ། སྤྱི་པས་གདམ་ཐོན་གནང་བའི་དབུ་འཁྲིད་ལ་བརྩི་བཀུར་ཞུ་དགོས་སོགས་གསུངས།

སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་རྒྱུན་ལས་རྣམས་ནས་སྡེ་ཚན་ཁག་སོ་སོའི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་གནང་བ་བཅས་དེ་ཉིན་ཉིན་རྒྱབ་ནས་ཕྱི་དྲོ་ཕྱག་ཚོད་ ༦ པ་བར་འཚོགས་པའི་བོད་ཀྱི་མང་གཙོ་དབུ་བརྙེས་པའི་དུས་དྲན་སྲུང་བརྩི་གནང་བའི་གནས་ཚུལ་མདོར་བསྡུས་སུ་འབུལ་བ་ལགས་སོ།། །།

གསར་འགོད་པ་ཝང་དཀར་ཚེ་རིང་།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 3 སྡོམས་རོགས།