བཀའ་ཤག་གི་མཁས་དབང་བློ་བཟང་སེང་གེ་ལགས་ལ་འཚམས་འདྲི།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༡ཟླ་༤ཚེས་༢༩ཉིན། ཟླ་འདིའི་ཕྱི་ཚེས་༢༨ཉིན། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་སྐབས་གསུམ་པའི་བཀའ་ཁྲི་བློ་བཟང་སེང་གེ་ལགས་ལ་འཚམས་འདྲི་གནང་འདུགའཚམས་འདྲིའི་ནང་དུ་འཁོད་དོན། ཁ་སང་དབུས་སྤྱི་ཁྱབ་འོས་བསྡུ་ལྷན་ཁང་ནས་བཀའ་ཁྲི་གསར་པའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་བ་ལྟར། སྐུ་ཞབས་བློ་བཟང་སེང་གེ་ལགས་སུ་མང་མོས་མཐོ་པོའི་ཐོག་ནས་བཀའ་ཁྲིར་འོས་འདེམས་བྱུང་བ་དེར་ང་དང་ངའི་ལས་རོགས་བཀའ་ཤག་གི་བཀའ་བློན་ཚང་མས་ཁོང་ལ་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་གི་ཡོད། ད་རེས་ཀྱི་འཕོ་འགྱུར་དེ་གལ་གནད་ཆེ་བའི་འཕོ་འགྱུར་ཞིག་གི་སྐབས་ལ་བསླེབས་པར་བརྟེན། བཀའ་ཁྲི་གསར་པ་དེ་དགུང་ལོ་གཞོན་གཞོན་དང་མཁྱེན་ཡོན་ཆེན་པོ། ལྷག་བསམ་དང་སྙིང་སྟོབས་ཆེན་པོ་ཞིག་ལ་ཐོབ་པ་དེས་ང་ཚོ་བློ་བདེ་པོ་དང་རེ་བ་ཆེན་པོ་བྱུང༌། དེར་བརྟེན་ཁོང་གི་ལས་དོན་ཚང་མ་ལམ་ལྷོང་ཡོང་བའི་རེ་འདུན་ཞུས་པ་དང་ཆབས་ཅིག་བཀྲ་ཤིས་བདེ་ལེགས་ཡོད་ཅེས་འཁོད་ཡོད་པ་རེད།བཀའ་བློན་ཁྲི་པའི་མཐའ་མའི་རྒྱལ་ཁ་དེ་མཁས་དབང་བློ་བཟང་སེང་གེ་ལགས་ལ་ཐོབ་རྗེས་ཁོང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲི་ལ་ལན་འདེབས་གནང་རྒྱུར། ང་བཀའ་བློན་ཁྲི་པར་བདགས་མ་དེ་༧གོང་ས་མཆོག་གི་ཐུགས་དགོངས་ཡངས་པོ་ལས་བྱུང་བ་དང༌། མ་འོངས་པར་གལ་ཆེ་ཤོས་ནི་༧གོང་ས་མཆོག་གི་ཐུགས་དགོངས་ལྟར་བོད་མིའི་སྤྱི་ཚོགས་ཁྲོད་ཡང་དག་པའི་མང་གཙོའི་ལམ་ལུགས་ཤིག་འཛུགས་རྒྱུ་དེ་ཡིན་ལ། མི་མང་གི་དོ་སྣང་དང་འབད་བརྩོན་ལ་བརྟེན་ནས་ཉེ་ཆར་བཀའ་སྤྱི་གཉིས་ཀྱི་འོས་འདེམས་དེ་ལེགས་འགྲུབ་བྱུང་བ་ཞིག་ཏུ་ཡིད་ཆེས་བྱེད་ཀྱི་ཡོད།ཅེས་དང༌། ཡང་ཁོང་གིས། བོད་ཕྱི་ནང་གཉིས་ཀྱི་མི་མང་གིས་སྔོན་འགྲོ་དང་དངོས་གཞིའི་འོས་འདེམས་གཉིས་སུ་འོས་ཤོག་ཕོན་ཆེན་པོ་དེ་འདྲ་བླུགས་ནས་ང་ལ་ཡིད་ཆེས་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག ང་རང་ཡིན་ནའང༌། གང་ཐུབ་ཅི་ཐུབ་བྱེད་ཀྱི་ཡིན་ཞེས་སྔོན་མ་ནས་དམ་བཅའ་བཞག་ཡོད་ལ། ད་ལྟ་ཡིན་ནའང་དམ་བཅའ་དེ་གཙང་མ་ཡིན་ཞེས་ཞུ་རྒྱུ་དང༌།མ་འོངས་པར་བོད་རང་དབང་སླར་གསོ་བྱུང་རྒྱུ་དང་༧གོང་ས་མཆོག་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏཱ་ལའི་ནང་དུ་ཞབས་སོར་འཁོེད་ཐུབ་པར་བོད་ཕྱི་ནང་གཉིས་ཀྱི་བོད་རིགས་ཚང་མས་བསམ་པ་གཅིག་མཐུན་གྱིས་འབད་བརྩོན་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད། ད་ལྟའི་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་ཁྲིའི་ཐུགས་འགན་དེ་འདི་ལོའི་ཕྱི་ཟླ་༨པའི་ཚེས་༡༤ཉིན་རྩིས་སྤྲོད་གནང་རྗེས། བཀའ་ཁྲི་གསར་པ་མཁས་དབང་བློ་བཟང་སེང་གེ་ལགས་ཀྱིས་ཐུགས་འགན་ལེན་རྒྱུ་ཡིན་འདུག ཕྱི་ལོ་༢༠༠༡ལོར། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་བོད་གཞུང་གི་རྩ་ཁྲིམས་ལ་བསྒྱུར་བཅོས་བཏང་ཏེ་མི་མང་གིས་ཐད་ཀར་བཀའ་བློན་ཁྲི་པ་འོས་འདེམས་བྱེད་དགོས་པའི་བཀའ་དགོངས་ཕེབས་པ་བཞིན་གཏན་ལ་ཕབ་པ་ཞིག་ཡིན་ལ། དེ་བཞིན་བཀའ་བློན་གཞན་རྣམ་པ་བསྐོ་བཞག་བྱེད་པའི་འོས་འགན་དེའང་བཀའ་བློན་ཁྲི་པས་ཁུར་དགོས་པ་རེད།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 1 སྡོམས་རོགས།