པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་དུ་ཡོད།

དེ་རིང་སུད་སི་གྲོང་ཁྱེར་ཛུ་རིག་ནང་ཡུ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱི་སྣེ་ཁྲིད་དེ། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་མཉམ་རུབ་ཐོག པཎ་ཆེད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གི་བཙོན་འཇུག་འོག་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་༢༦ འཁོར་བར་ཆེད་དུ་ལས་འགུལ་ཞིག་སྤེལ་གནང་སོང་།

སྤྱི་ལོ་༡༩༩༥ ལོར་ཟླ་༥བའི་ཚེས་༡༧ཉིན་ལ། དགུང་ལོ་དྲུག་ལ་སོན་པའི་པན་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གཙོས་པའི་ཡབ་ཡུམ་སྐུ་འཁོར་དང་བཅས་པ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ་ད་ཆ་

གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ཧྲིལ་བོ་༢༦འཁོར་བ་དང་བསྟུན། འདི་ག་སུད་སི་ཡོ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག  སིད་སུ་དང་ལེག་ཏེན་སིཊཡན་བོད་རིགས་མི་མང་གི་སྒྲིག་འཛུགས་དང་སུད་བོད་མཐུན་གྲོགས་ཚོགས་པ།  སུད་སི་བོད་ཀྱི་བུད་མེད་ཚོགས་པ་བཅས་ཚོགས་པ་བཞིས་མཉམ་རུབ་ཐོག་སུད་སི་ས་གནས་འཛུ་རིག་གྲོང་ཁྱེར་གྱིWerdmuhle Platz ཞེས་པའི་ཐང་ཆེན་དུ་༼པན་ཆེན་རིན་པོ་ཆེ་གང་དུ་ཡོད་༽ཅེས་པའི་ལས་འགུལ་ཞིག་སྤེལ་གནང་སོང་།

ད་ལྟའི་ནད་ཡམས་ཀྱི་དབང་གི་ལས་འགུལ་ནང་མི་གྲངས་བརྒྱ་ཙམ་ལས་འཛོམས་མི་ཆོག་པ་སུད་སི་གཞུང་གི་ཁྲིམས་ཡིན་སྟབས། གོ་སྒྲིག་པ་རྣམས་དང་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་པ་མི་གྲངས་བརྒྱ་ཙམ་འདུ་འཛོམས་གྱིས་ལས་འགུལ་དབུ་འཛུགས་གནང་སོང་ལ། ལས་འགུལ་འདིར་ཆེད་ཕེབས་གནང་བའི་སྐུ་མགྲོན་གཙོ་བོ་སུད་སི་གྲོས་ཚོགས་འཐུས་མི་དང་ལྗང་ཁུ་ཚོགས་པའི་ཚོགས་གཙོ། སྐུ་ཞབས་Mr. Balthasar Glättli  མཆོག་དང་། ཡུ་རོབ་སྤྱི་འཐུས་བཀྲེས་མཐོང་དབང་དང་ཟམ་མདོ་བྱམས་པ་མཆོག་གཉིས། དེ་བཞིན་སུད་སི་དང་ལེག་ཏེན་སི་ཊཡན་བོད་རིགས་མི་མང་གི་ཚོགས་གཙོ་ཀརྨ་ཆོས་སྐྱིད་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་སྐུ་ཚབ་རྣམས་ཀྱིས་ལས་འགུལ་དང་འབྲེལ་བའི་གཏམ་བཤད་གནང་སོང་།

གསུང་བཤད་ཁག་གྲུབ་རྗེས་ལས་འགུལ་བ་རྣམས་ཛུ་རིག་གྲོང་ཁྱེར་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ཐང་བར་ངོ་རྒོལ་ཁྲོམ་སྐོར་གནང་སོང་།

ཡོ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞི་སྲས་ཚང་བཀྲ་ཤིས་ལགས་ཀྱིས་ལས་འགུལ་དང་འབྲེལ་བའི་ངོ་སྤྲོད་གནང་དོན། པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ནི་འཛམ་གླིང་ནང་གི་བཙོན་པ་ཆུང་ཤོས་དང་། བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གཉིས་པའི་བླ་ཆེན་ཞིག་ཡིན། དེ་བས་རྒྱ་ནག་གཞུང་གིས་འཛམ་གླིང་གི་བྱིས་པའི་རང་དབང་སྲུང་སྐྱོབ་ཀྱི་ཁྲིམས་ཡིག་ཁག་དང་། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་དོན་ཁག་ལ་བརྩི་བཀུར་བྱས་པའི་ཐོག་ནས། དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་གྲོལ་གཏོང་དགོས་ཀྱི་ཡོད། དེ་ཡང་འཛམ་གླིང་མི་མང་དང་། རྒྱ་ནག་རང་གི་མི་མང་། ཡང་སྒོས་བོད་རིགས་མི་མང་སུ་ལ་མཚོན་ནའང་འགྲོ་བ་མིའི་ཐོབ་ཐང་ནི་འདྲ་མཚུངས་སུ་དགོས་ལ། དམིགས་བསལ་བྱིས་པའི་རང་དབང་གི་ད་ལྟའི་འཛམ་གླིང་གི་གནད་དོན་གལ་ཆེན་ལ་ཞིག་བརྩི་བཞིན་པ་ཡིན་སྟབས། རྒྱ་ནག་ཅིས་གནད་དོན་དེར་ལན་འདེབས་དགོས་ཀྱི་ཡོད། ཅེས་སོགས་གསུང་གནང་སོང་།

དེ་མཚུངས་སུད་སི་དང་ལེག་ཏེན་སི་ཊཡན་བོད་རིགས་མི་མང་གི་ཚོགས་གཙོ་ཀརྨ་ཆོས་སྐྱིད་ལགས་དང་། སུད་བོད་མཐུན་གྲོགས་ཚོགས་པའི་ཚོགས་མི། དེ་བཞིན་སུད་སི་བོད་ཀྱི་བུད་མེད་ཚོགས་པའི་ཚོགས་གཞོན་སོགས་ཀྱི་རིམ་བཞིན་ལས་འགུལ་དང་འབྲེལ་བའི་གཏམ་བཤད་ཁག་གནང་སོང་།

  དེ་མིན་ཕྱི་ཚེས་༡༦ཉིན་ལ་ཡོ་རོབ་ཀྱི་ས་ཁུལ་Strasburg ས་གནས་སུ་ཡོད་པའི་བོད་རིགས་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག་ཡུལ་དེའི་གྲོང་ཁྱེར་ནང་གི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་ཁྲོམ་སྐོར་ཞིག་གནང་ཡོད་འདུག་པ་དང་། དེ་བཞིན་སི་པན་དང་དབྱིན་ལན་སོགས་ས་གནས་ཁག་འདྲ་མིན་ནང་དུ་པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་གྲོད་དགོས་པའི་ལས་འགུལ་སྤེལ་ཡོད་པ་མ་ཟད། བོད་མི་ཚོས་སྒེར་གྱི་སྤྱི་ཚོགས་དྲ་ལམ་བརྒྱུད་ནས་འཛམ་གླིང་སྟེང་གི་ཆབ་སྲིད་བཙོན་པ་ཆུང་ཤོས་པན་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་གྲོལ་དགོས་པ་དང་། པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་དུ་ཡོད་མེད་སོགས་ཀྱི་ཐད་ལས་འགུལ་དང་བྱ་འགུལ་སྣ་མང་སྤེལ་གནང་སོང་།

གསར་གནས་བསྡུ་སྒྲིག་པ། ཙ་ཡུས་ཕུན་ཚོགས།

 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 7 སྡོམས་རོགས།