ནད་ཡམས་སྔོན་འགོག་ཆེད། སུད་སི་ནང་ཁ་ཐུམ་བརྒྱབ་ཆོག་གི་ཡོད།
ཕྱི་ཟླ༤ཚེས་༡ནས་སུད་སི་ནང་ཚོང་ཁང་དང་སྨན་འཚོང་ཁང་ཆེ་ཁག་ནང་འགྲོ་སྐབས།མི་མང་གིས་ཁ་ཐུམ་བརྒྱབ་ཆོག་པ་བཟོས་ཡོད་པ་མ་ཟད།ཚོང་ཁང་ཆེ་ཁག་ཁ་ཤས་ཀྱི་སྒོ་འགྲམ་དུ་ཚོང་ཁང་དུ་ཅ་དངོས་ཉོ་བར་ཡོང་མཁན་མི་མང་ལ་རིན་མེད་ཐོག་ཁ་ཐུམ་སྤྲོད་མཁན་ཀྱང་ཡོད་འདུགའདི་ནི་ཉེ་ཆར་སུད་སི་དང་ཨི་ཊི་ལི་ཡ་གཉིས་ཀྱི་ཉེས་ཆར་ནད་ཡམས་སྔོན་འགོག་ཐད་བཏོན་པའི་སྲིད་བྱུས་གསར་པ་ཞིག་ཆགས་ཀྱི་ཡོད།
ཁ་ཐུམ་རྒྱག་མིན་ནི་ནད་ཡམས་ཀྱི་ཚ་རླབས་ཤིན་ཏུ་འཕྱུར་བཞིན་པའི་ཡུ་རོབ་དང་ཨ་རི་སོགས་སུ།ཚན་རིག་པ་དང་།སྨན་པ།མི་མང་གི་གླེང་སློང་ཤུགས་ཆེན་བྱུང་བའི་བརྗོད་གཞི་ཞིག་ཏུ་གྱུར་ཡོད།དེ་ལ་རྒྱུ་མཚན་གཉིས་ཡོད་པ་ཡིན་ཏེ།ནུབ་ཕྱོགས་པའི་བསམ་བློའི་འཁྱེར་སོའམ།གོམས་གཤིས་ཁྲོད་ནམ་རྒྱུན་ཁ་ཐུམ་རྒྱག་པའི་གོམས་གཤིས་མེད་པ་དང་།གལ་སྲིད་མི་ཞིག་གིས་མི་ཚོགས་ཁྲོད་དུ་ཁ་ཐུམ་བརྒྱབ་པ་མཐོང་ཚེ།དེ་ལ་མི་མང་གིས་མཐོང་སྣང་ཁྱད་མཚར་ཤིག་འབྱུང་གིན་ཡོད་སྟབས།ནད་ཡམས་འགོ་སློང་མ་ཐོག་པའི་དུས་སུ་ཆབ་སྲིད་པ་དང་ཆེད་ལས་པ་ཁག་ཅིག་གིས།ཁ་ཐུམ་རྒྱག་པ་ནི་མི་མང་ལ་འཇིགས་སྣང་སློང་བྱེད་ཙམ་ལས།ནད་ཡམས་སྔོན་འགོག་ལ་དེ་ཙམ་ཕན་ཐོག་མེད་སྐོར་དང་།ཁ་ཐུམ་རྒྱག་པ་ནི་མི་ལ་གུས་ཞབས་མ་བྱས་པའི་རྣམ་འགྱུར་ཡིན་སྐོར་གླེང་མྱོང་།
རྒྱུ་མཚན་གཉིས་པ་ནི།ཡུ་རོབ་སྤྱི་དང་།དམིགས་བསལ་སུད་སི་ནང་ལ་ཁ་ཐུམ་བཟོ་གྲྭ་མང་པོ་མེད་པ་དང་།དེ་སྔ་བཟོས་ཚར་བའི་ཁ་ཐུམ་གྱི་གྲངས་འབོར་ལ་བལྟས་ཚེ།མི་མང་སྤྱི་ནས་ཁ་ཐུམ་རྒྱག་དགོས་ཚེ་ཁ་ཐུམ་གྱིས་འདང་མི་སྲིད་པ།གལ་སྲིད་ཁ་ཐུམ་གྱི་མ་འདང་ཚེ།ཉེན་ཁའི་སྐབས་ནད་ཡམས་ལ་གདོང་ལེན་བྱེད་མཁན་སྨན་པ་དང་སྨན་ཞབས་པ་སོགས་ལ་ཁ་ཐུམ་འདང་ངེས་མེད་པ།གལ་སྲིད་སྨན་པ་དང་སྨན་ཞབས་སོགས་ལ་ཁ་ཐུམ་འདང་ངེས་མཁོ་འདོན་ཞུ་མ་ཐུབ་ཚེ།ཉེན་ཁ་དེ་ལས་ཆེ་བ་འཕྲད་རྒྱུ་ཡིན་པའི་སྔོན་དཔག་བྱེད་ཀྱིན་ཡོད་སྟབས།ན་བཞིན་པའི་ནད་པ་མ་གཏོགས་ཁ་ཐུམ་རྒྱག་མི་དགོས་ཚུལ་དང་།ནད་མེད་ཚོས་ཁ་ཐུམ་བརྒྱབ་ཀྱང་ནད་ཡམས་སྔོན་འགོག་ལ་ཕན་ཐོག་ཡོད་མེད་བཤད་དཀའ་ཚུལ་སོགས་འགྲེལ་བརྗོད་བྱས་མྱོང་།
གོང་ཚེ་ཉིན་སུད་སིའི་བརྙན་འཕྲིན་ལས་ཁང་SRF གི་གསར་འགོད་པའི་འཕྲོད་བསྟེན་འགན་འཛིན་Daniel Koch ལགས་སུ་བཅར་འདྲི་ཞུས་སྐབས།ཉེ་བའི་བདུན་ཕྲག་ཁ་ཤས་རིང་གི་ཉམས་མྱོང་ལ་བལྟས་ཡོང་ཚེ།ཁ་ཐུམ་བརྒྱབ་པ་དང་།ཁ་ཐུམ་མ་བརྒྱབ་པ་གཉིས་ལས།ཁ་ཐུམ་བརྒྱབ་པས་ནད་ཡམས་སྔོན་འགོག་ལ་ཅུང་ཕན་ཐོག་ཡོད་པའི་ངོས་འཛིན་བྱུང་ཡོད་པ་དང་།ད་ལྟ་གཞུང་གིས་ཀྱང་ཁ་ཐུམ་མཁོ་སྒྲུབ་ཐད་ཐབས་ཤེས་འཐེན་བཞིན་པ་ཡིན་སྟབས།མི་མང་འདུ་འཛོམས་ས་དང་།སྨི་གྲུ་བཞི་མ་༤༠༠ལྷག་ཡོད་པའི་ཚོང་ཁང་ཆེ་ཁག་ནང་འགྲོ་སྐབས་ཁ་ཐུམ་རྒྱག་དགོས་པའི་ལམ་སྟོན་གནང་གི་ཡོད་སྐོར་གསུངས་འདུགཁ་ཐུམ་གྱི་སྤུས་ཚད་སྨན་ཁང་གི་སྨན་ཁང་ཁག་གིས་བེད་སྤྱོད་བཞིན་པའི་ཁ་ཐུམ་ཡིན་དགོས་པ་ལས།སྤྱིར་བཏང་གི་ཁ་ཐུམ་གྱིས་མི་ཕན་སྐོར་ཀྱང་འགྲེལ་བརྗོད་གནང་གིན་འདུག
འོན་ཀྱང་། སུད་སིའི་གཞུང་ནས་དེ་ཉིན་འགྲེལ་བརྗོད་སྐབས་གསུང་དོན་ལྟར་ན། སུད་སི་གཞུང་གིས་ད་སྔ་ཁ་ཐུམ་ས་ཡ་གཅིག་དང་འབུམ་བདུན ༡༧༠༠༠༠༠ ལྷག་གྲ་སྒྲིག་ཞུས་ཟིན་པ་དང་། གང་མགྱོགས་ཁ་ཐུམ་ས་ཡ་གཉིས་ལྷག་མཁོ་སྒྲུབ་བྱ་ཐུབ་པའི་སྐོར་འགྲེལ་བརྗོད་གནང་གི་ཡོད་འདུག
གནས་ཚུལ་སྒྱུར་སྒྲིག་པ། ཙ་ཡུས་ཕུན་ཚོགས།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།