དམིགས་བསལ་བསྔོ་སྨོན་གསོལ་འདེབས་མཆོད་འབུལ་ཞུས་པ།

༄༅།    ཕྱི་ལོ་  ༢༠༡༦  ཟླ་  ༣  ཚེས་  ༦  རེས་གཟའ་ཉི་མའི་ཉིན་ཞོགས་པ་རི་ཀོན་ཆོས་འཁོར་དགོན་དུ་སུད་སི་དང། ལིཀ་ཏེན་སིཊཡན་བོད་རིགས་གི་ས་གནས་འཐུས་ཚོགས་ནས་གོ་སྒྲིག་ཞུས་ཏེ་དགོན་པའི་མཁན་རིན་པོ་ཆེས་དབུས་དགེ་འདུན་རྣམ་པ་དང། ཡུ་རོབ་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་བཀྲས་མཐོང་དབང་པོ་ལགས།  སྤྱི་ཟུར་གང་གཞོན་ཚང་ངག་དབང་རྒྱལ་མཚན་ལགས། མི་མང་གི་ཚོགས་གཙོ་བགྲེས་གཞོན་དབུས་ས་འཐུས་རྣམ་པ་ཁག་ཅིག  གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་གི་ཚོགས་གཙོ་རྣམ་པ།  ས་གནས་མི་མང་སོགས་མི་གྲངས་  ༡༥༠   སྐོར་སྔ་དྲོ་ཕྱག་ཚོད་  ༩།༠༠  ནས་   ༡༡།༠༠  བར་རི་ཀོན་ཆོས་འཁོར་དགོན་དུ་དམིགས་བསལ་བསྔོ་སྨོན་མཆོད་འབུལ་ཞུས་ཡོད་འདུག    དེ་ཉིན་ཐོག་མར་མི་མང་གི་ཚོགས་གཙོ་བསྟན་འཛིན་སྙིང་བུ་མཆོག་ནས་སྐུ་མགྲོན་གཙོས་མང་ཚོགས་ལ་གུས་བསུ་འཚམས་འདྲི་ཞུ་བ་སྦྲགས་དེ་ཉིན་གྱི་དམིགས་བསལ་བསྔོ་སྨོན་མཆོད་འབུལ་གོ་སྒྲིག་ཞུ་དགོས་དོན་ནི།   ཀུན་གྱི་དགོངས་མངའ་བཞིན་ཉེ་འཆར་ཕྱི་ཟླ་  ༢  ཚེས་  ༢༩  ཉིན་རྒྱ་གར་ནང་མ་སུ་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རང་ལོ་  ༡༦  ཡིན་པ་རྒྱལ་གཅེས་དཔའ་བོ་རྡོ་རྗེ་ཚེ་རིང་ལགས་ནས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རང་ལུས་མེར་བསྲེགས་གནང་སྟེ་མཐར་ཟྤ་  ༣  ཚེས་  ༣  ཉིན་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་དང།    བོད་ནང་དཀར་མཛེས་ཁུལ་ཉག་རོང་རྫོང་མཚོ་ཁ་ཨརྱ་གླིང་དགོན་ནས་ཡིན་པ་གྲྭ་སྐལ་བཟང་དབང་འདུས་ལགས་ནས་ཀྱང་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རང་ལུས་མེར་བསྲེགས་གནང་སྟེ་འདས་གྲོངས་སུ་ཕྱིན་ཡོད་པ་བཅས་ཁོང་དཔའ་བོ་རྣམ་གཉིས་ཀྱི་དོན་དུ་ཛ་དྲག་བརྡ་ལན་ཐོག་མི་མང་ཆེད་འཛོམས་ཀྱིས་མཆོད་འབུལ་སྨོན་ལམ་གསུང་རྒྱུ་ལས་གཞི་འདི་ལྟར་གོ་སྒྲིག་ཞུས་པ་ཡིན་པས་མི་མང་མང་པོ་མཉམ་ཞུགས་གནང་འདུག་པ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་གསུངས།    དེ་བཞིན་ཕྱི་ལོ་  ༢༠༡༦  ཟླ་  ༣  ཚེས་  ༡༠  ཉིན་སུད་སིའི་རྒྱལ་ས་སྦེན་དུ་བོད་མིའི་རང་དབང་སྒེར་ལངས་བྱས་སྟེ་མི་ལོ་  ༥༧  འཁོར་བའི་ལས་འགུལ་སྤེལ་རྒྱུ་དང།   ཡང་ ཟླ་  ༣  ཚེས་  ༡༡  ཉིན་འཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་མདུན་ལས་འགུལ་ཞིག་ཡོད་པ་ད་ལྟ་གཏན་འཁེལ་བྱུང་མེད་ཀྱང་ཉིན་གཅིག་གཉིས་མཚམས་སུ་ཐག་ཆོད་ཡོང་རྒྱུར་སོང་དེ་སྐབས་ཀྱང་ས་གནས་མི་གང་མང་མཉམ་ཞུགས་ཐུབ་ཐབས་གནང་རོགས་བཅས་འབོད་བསྐུལ་གསལ་བསྒྲགས་གནང། དེ་ནས་སྤྱི་འཐུས་བཀྲས་མཐོང་དབང་པོ་ལགས་ནས་གསུངས་དོན།  འདས་གྲོངས་སུ་ཕྱིན་པ་བུ་རྡོ་རྗེ་ཚེ་རིང་ལགས་ཀྱི་ཨ་མ་ལགས་ནས་འབོད་བསྐུལ་གནང་དོན་ལ་བོད་རིགས་གནས་ཡུལ་གང་སར་བོད་ཕྲུག་གཞོན་སྐྱེས་རྣམས་ཁོ་མོའི་བུ་ནང་བཞིན་རང་ལུས་མེར་བསྲེགས་མ་བཏང་རོགས་གནང་ཞེས་སྙིང་ནས་འབོད་བསྐུལ་གནང་ལུགས་གསུངས་སོང།

གསོལ་ཇའི་བར་གསེང་དང་སྟབས་བསྟུན་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་དགེ་བཤེས་ཐུབ་བསྟན་ལེགས་སྨོན་མཆོག་ནས་ཞལ་འདོན་དང།  མཆོད་འབུལ་སྨོན་ལམ་གསུང་སྐབས་གལ་ཆེ་ཤོས་སོ་སོའི་ཀུན་སློང་འཁྱེར་སྟངས་ཡིན་པའི་ཆོས་ཕྱོགས་ཀྱི་བཀའ་སློབ་སྙིང་བསྡུས་གནང་བ་དང་ཆབས་ཅིག་ཕྱག་ཚོད་  ༡༡།༠༠  ཐོག་བསྔོ་སྨོན་གསོལ་འདེབས་མཆོད་འབུལ་གྲུབ་སོང་བ་བཅས་ཀྱི་གནས་བསྡུས་སུ་གསར་འགོད་པ་བསམ་པ་དོན་གྲུབ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 5 སྡོམས་རོགས།