དབྱིན་ཇིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་དགོས་ཟེར།


རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༡ལོའི་ཟླ་༦ཚེས་༢༨ཉིན། རྒྱ་ནག་གི་སྲིད་བློན་ཝུན་ཅཱ་པའོ་དབྱིན་ཡུལ་དུ་སྐོར་སྐྱོད་བྱས་སྐབས། དབྱིན་ཇིའི་སྲིད་བློན་ཁཱ་མེ་རོན་མཆོག་གིས། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་དགོས་པ་དང༌། ཉེ་བའི་ཟླ་འགའི་ནང་རྒྱལ་སྤྱི་དང་དམིགས་བསལ་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་ལ་གཏོར་བཤིག་ཆེན་པོ་གཏོང་གིན་ཡོད་ལུགས་གསུངས་འདུགཐེངས་འདིར་རྒྱ་ནག་གི་སྲིད་བློན་ཝུན་ཅཱ་པའོ་ཡོ་རོབ་ཁུལ་དུ་ལྟ་སྐོར་དུ་འགྲོ་རིང༌། ཁོང་ཉིད་དབྱིན་ཇིའི་རྒྱལ་ས་ལོན་ཊོན་དུ་འབྱོར་སྐབས། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཉིན་གསུམ་རིང་སྲིེད་བློན་ཝུན་ཅཱ་པའོ་རྗེས་འདེད་ཀྱིས་ཞི་བའི་ངོ་རྒོལ་བྱས་ཡོད། བོད་རང་དབང་སློབ་ཕྲུག་ཚོགས་པས་༼སྲིད་བློན་ཝུན་ཅ་པའོ་ཁྱེད་རང་གང་དུ་སྐྱོད་ཀྱང་བོད་ཀྱི་གནད་དོན་ཁྱེད་ཀྱི་རྗེས་སུ་ཡོང་ངེས་ཡིན་པ་ཤེས་དགོས་ལ། དབྱིན་ཇིའི་སྲིད་བློན་ཁཱ་མེ་རོན་མཆོག་དང་དབྱིན་ཇིའི་སྲིད་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་ཚོང་འབྲེལ་ལས་གལ་ཆེ་བ་བརྩི་དགོས་༽ཞེས་གསུངས་འདུགདབྱིན་ཇིའི་སྲིད་བློན་མཆོིག་གིས། སྤྱིར་རྒྱ་ནག་གཞུང་གིས་དབྱིན་ཇི་དང་ཡོ་སྒོར་ཐེར་འབུམ་༡།༤ཙམ་གྱི་མ་གནས་ཚོང་འབྲེལ་བྱ་རྒྱུར་མིང་རྟགས་བཀོད་ནས། ཚོང་ལས་ཐད་དབྱིན་ཇི་ལ་གོ་སྐབས་ཆེན་པོ་ཞིག་སྐྲུན་ཡོད་ལུགས་བརྗོད་ཡོད་ནའང༌། རྒྱ་ནག་ནང་ད་དུང་ཡང་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སྐྱོ་པོ་ཡིན་ལུགས་སོགས་སྐྱོན་བརྗོད་བྱས་ཡོད་པ་རེད།རྒྱ་ནག་ནང་ཆབ་སྲིད་ཀྱི་འགྱུར་བ་ཆེན་པོ་ཞིག་འགྲོ་རྒྱུའི་དུས་མཚམས་ལ་ཁེལ་ཡོད་ཅིང༌། ཉེ་བའི་ཆར་བོད་ནང་དུ་རྒྱ་ནག་གཞུང་གིས་དྲག་གནོན་ཤུགས་ཆེ་བྱེད་བཞིན་ཡོད་པ་ཕུད། གཞན་ཟླ་འདིའི་ནང་རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་དང་ཆབ་སྲིད་བཙོན་པ་ཨེ་ཝད་ཝད་དང༌། ཆབ་སྲིད་ལས་འགུལ་བ་ཧུའུ་ཅཱ་སོགས་གློད་བཀྲོལ་བཏང་ཡོད།སྲིད་བློན་ཝུན་ཅཱ་པའོ་ཕྱི་ལོ་༢༠༡༢ལོར་རྒན་ཡོལ་དུ་འགྲོ་རྒྱུ་ཡིན་པ་དང༌། ཐེངས་འདིར་དབྱིན་ཡུལ་དུ་ཚོང་འབྲེལ་སྐོར་སྐྱོད་གྲུབ་རྗེས། ཇར་མན་ནིང་དུ་འགྲོ་རྒྱུ་ཡིན་འདུག མི་མང་པོ་ཞིག་གིས་སྲིད་བློན་ཝུན་ཅཱ་པོའི་ལས་གནས་ཀྱི་དུས་ཡུན་མཐའ་མར་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་བཅོས་སྒྱུར་ཞིག་གཏོང་རྒྱུར་རེ་བ་བརྒྱབ་ཀྱང་། ཐེངས་འདིར་ཁོང་གིས་དབྱིན་ཇིའི་ནང་བཤད་པའི་སྐད་ཆ་དེ་དག་ལ་བལྟས་ན། རེ་བ་དེ་ཙམ་མེད་པའི་རྣམ་པ་ཞིག་མངོན་ཡོད་པ་རེད།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།