༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྱི་མཚོན་རྟགས་མཛད་ཆེད་གསོལ་འདེབས་ཞུ་རྒྱུར་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་ཐོག་སྤྱི་མོས་བྱུང་བའི་གསར་འགོད་གསལ་བསྒྲགས་སྤེལ་བ།

༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༤ ཉིན་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་ལེགས་པར་གྲུབ་མཚམས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཕྱི་ནང་གི་གསར་འགོད་པ་ ༢༠ ལྷག་ཙམ་ལ་གསར་འགོད་གསལ་བསྒྲགས་སྤེལ་དོན། དེ་རིང་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་ལེགས་པར་གྲུབ་པ་རེད། རྒྱལ་ཡོངས་ཚོགས་ཆེན་འདིའི་ཐོག་ནས་སྤྱི་མོས་ཐོག་བཅའ་ཁྲིམས་བསྐྱར་བཅོས་ཀྱི་སྔོན་གླེང་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྱི་མཚོན་རྟགས་མཛད་རྒྱུར་གསོལ་འདེབས་ཞུ་རྒྱུ་དང་། མགོན་པོ་གང་ཉིད་མཆོག་གིས་གལ་ཏེ་དེ་ལྟར་ཞལ་བཞེས་མ་ཐོབ་ཚེ་བཅའ་ཁྲིམས་བསྐྱར་བཅོས་ཀྱི་སྔོན་གླེང་དང་དོན་ཚན་དང་པོའི་ནང་གང་གསལ་བ་རྣམས་ཞལ་བཞེས་མཛད་རྒྱུའི་གསོལ་འདེབས་ཞུ་རྒྱུ་ཡིན། བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཀྱི་དོན་ཚན་དང་པོའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་མིའི་མགོན་སྐྱབས་དང་བོད་རྒྱལ་ཁབ་ཀྱི་མཚོན་རྟགས་ཡིན་ཞེས་འཁོད་ཡོད་པ་མ་ཟད། བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཟིན་བྲིས་དེའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་རྩ་དོན་ཆེད་འཛམ་གླིང་དབུ་ཁྲིད་ཁག་དང་མཇལ་འཕྲད་ཀྱིས་བོད་དོན་ཆེད་བཀའ་མོལ་མཛད་རྒྱུ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་བོད་དོན་སྐུ་ཚབ་དང་དམིགས་བསལ་སྐུ་ཚབ་སོགས་བསྐོ་གཞག་མཛད་རྒྱུ་དང་། གལ་འགངས་ཆེ་བའི་གནད་དོན་ཐོག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་ལམ་སྟོན་སྩལ་གནང་མཛད་རྒྱུ་སོགས་འཁོད་ཡོད། དེར་བརྟེན་ཐེངས་འདིའི་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་སྐབས་སྤྱི་མོས་ཐོག་ཐག་གཅོད་གང་བྱུང་བ་རྣམས་ཕྱི་ཚེས་ ༢༥ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུས་ཏེ་ལྷ་སྙན་སྒྲོན་འབུལ་ཞུ་རྒྱུ་ཡིན་ཞེས་གསར་འགོད་གསལ་བསྒྲགས་སྤེལ་མཚམས། གསར་འགོད་པ་ཚོས་དྲི་བར་ལན་འདེབས་གནང་ཡོད་པ་བཅས།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 2 སྡོམས་རོགས།