དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེའི་བླ་བྲང་དུ་རྒྱ་གར་སྐོར་སྲུང་བས་སྔོག་བཤེར་བྱས་པའི་གནད་དོན་དང་འབྲེལ་བའི་སྐོར་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྤྱི་འཐུས་རྒྱུན་ལས་ཀྱི་གསར་འགོད་གསལ་བསྒྲགས་སྤེལ་བ།

༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༢༩ རེས་གཟའ་སྤེན་པའི་ཉིན་རྒྱབ་ཆུ་ཚོད་ ༣ ཐོག་བཙན་བྱོལ་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་རྒྱལ་བ་ཀརྨ་པ་རིན་པོ་ཆེའི་བླ་བྲང་དུ་རྒྱ་གར་སྐོར་སྲུང་བས་སྔོག་བཤེར་བྱས་པའི་གནད་དོན་ཐད་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསར་འགོད་གསལ་བསྒྲགས་གནང་དོན། དེ་རིང་དུས་ཚོད་ཐུང་ངུ་ཞིག་གི་ནང་ང་ཚོ་བོད་པའི་རླུང་འཕྲིན་ཁང་ཁག་དང་གསར་འགྱུར་བརྒྱུད་ལམ་ཁག་ལ་འབྲེལ་བ་བྱས་པ་ལྟར་ཁྱེད་རྣམས་འདི་གར་ཕེབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱལ་བ་ཀརྨ་པ་ཆེན་པོ་མཆོག་གི་བླ་བྲང་དང་འབྲེལ་བ་ཡོད་པའི་གནས་ཚུལ་བྱུང་བ་དེའི་ཐོག་བོད་པའི་སྤྱི་ཚོགས་ནང་དུའང་སྐད་ཆ་འདྲ་མིན་ཡོང་གི་ཡོད་པ་འདྲ། ལྷག་པར་བོད་ནང་གནས་ཚུལ་གང་འདྲ་ཞིག་ཁྱབ་ཡོད་པ་ང་ཚོས་བརྗོད་ཐུབ་ཀྱི་མེད་སྟབས།
ད་ལྟ་ང་ཚོར་བསམ་ཚུལ་གང་ཡོད་པའི་གནས་ཚུལ་གསལ་པོ་ཞིག་བོད་ནང་ཁྱོལ་ཐུབ་ན་ཐུགས་ཕན་གསོ་པ་ཞིག་བྱུང་མི་ཡོང་ངམ་སྙམ་སྟེ་ད་རེས་དམིགས་བཀར་བོད་པའི་གསར་འགོད་པ་ཚོར་གསར་འགོད་ལྷན་ཚོགས་བྱེད་རྒྱུའི་དུས་ཚོད་འདི་བཟོས་པ་ཡིན། ཁ་སེང་གནས་ཚུལ་དེ་ཐོས་མ་ཐག་ཕྱི་ཚེས་ ༢༨ ཉིན་རྒྱབ་སྤྱི་འཐུས་རྒྱུན་ལས་ལྷན་རྒྱས་འཛོམས་པ་ཡིན། སྐབས་དེར་ཚང་མས་སེམས་འཚབ་ཆེན་པོ་གནང་གི་འདུག སེམས་འཚབ་ཆེན་པོ་གནང་བ་བཞིན་ང་ཚོས་ལས་དོན་ཐོག་བྱུང་སྟངས་ཐོག་གོ་བསྡུར་བྱུང་སྐབས། རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་དངོས་སུ་མཇལ་ན་ཡག་པོ་ཡོང་བ་འདུག་ཅེས་དང། གལ་སྲིད་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་དངོས་སུ་མཇལ་རྒྱུ་སྟབས་བདེ་ཆགས་ཀྱི་མེད་ན། བླ་བྲང་གི་ཕྱག་མཛོད་དང་ལས་ཀྱི་སྣེ་མོ་བ་ཚོ་མཇལ་ན་གནས་ཚུལ་ཁ་གསལ་པོ་ཡོང་རྒྱུར་ཐུགས་ཕན་གསོ་པོ་ཡོང་བ་འདུག་ཅེས་སྤྱི་འཐུས་རྒྱུན་ལས་ཚང་མ་བཅར་མི་དགོས་པར་ཚོགས་གཙོ་དང་དེ་བཞིན་སྤྱི་འཐུས་རྒྱུན་ལས་དགེ་བཤེས་ཐུབ་བསྟན་འཕེལ་རྒྱས་དང་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས།
དེ་བཞིན་སློབ་དཔོན་བསོད་ནམས་བསྟན་འཕེལ་ལགས་བཅས་ངེད་ཚོ་བཞི་ཁ་སང་ཉིན་རྒྱབ་ཆུ་ཚོད་ ༣།༣༠ ཐོག་མར་བཅར་བ་ཡིན། མ་གིར་འབྱོར་སྐབས་རྒྱ་གར་གྱི་གསར་འགོད་པ་མང་པོ་ཞིག་ཕྱིར་བསྡད་འདུག ང་ཚོས་ཕྱག་མཛོད་ཁོང་རྣམ་མཇལ་བ་ཡིན། དེ་ནས་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་མཇལ་ཁར་བཅར་སྐབས་རིན་པོ་ཆེ་མཆོག་ཧ་ཅང་ཐུགས་ལྷོད་ལྷོད་འདུག དེས་ང་ཚོས་གསལ་པོ་ཞིག་ག་རེ་ཤེས་ཀྱི་རེད་ཅེས་ན། རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་དེའི་སྐོར་ལ་ཉེས་པ་རྩ་བ་ནས་མེད་པར་བརྟེན་རིན་པོ་ཆེ་མཆོག་ཐུགས་ལྷོད་པོ་བྱེད་རྒྱུའི་གནས་སྟངས་ཆགས་ཡོད། ང་ཚོ་སྤྱི་འཐུས་རྒྱུན་ལས་ཚོ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་མཇལ་བར་བཅར་སྐབས་ང་ཚོ་སྤྱི་འཐུས་རྒྱུན་ལས་ངོས་ནས་སེམས་འཚབ་ཡོད་པ་དང་སེམས་འཚབ་ཡོད་པ་གཞིར་བཟུང་ད་རེས་གནས་ཚུལ་དེ་བྱུང་བའི་རྐྱེན་གྱིས་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོ་སྐུ་སྒེར་ལ་མཚན་སྨད་ཞུས་པའི་གནས་ཚུལ་དེ་རིགས་ནམ་ཡང་མི་ཡོང་བའི་ཆེད་དུ་ང་ཚོས་མཐུན་འགྱུར་གང་དྲག་ཅིག་ཞུ་དགོས་རིགས་ཞུ་རྒྱུ་དང། གཙོ་བོ་དེ་ང་ཚོས་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ལ་གདུང་སེམས་མཉམ་སྐྱེ་ཞུ་ཆེད་དུ་བཅར་བ་ཡིན། དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས་བཀའ་གནང་དོན། གནས་ཚུལ་དེའི་སྐོར་ངོས་ཀྱིས་དུས་རྒྱུན་ཐེ་བྱུས་བྱེད་ཀྱི་མེད་སྟབས་ཞེ་དྲག་ཤེས་ཀྱི་མེད་ཅེས་བཀའ་གནང་གི་འདུག ཁོང་གིས་དེ་འདྲ་གསུངས་པ་དེའི་ཐོག་ནས་ང་ཚོས་རྒྱུན་དུ་ཡིད་ཆེས་བྱེད་བཞིན་ཡོད་པ་ལྟར་དཔལ་རྒྱལ་བ་ཀརྨ་རིན་པོ་ཆེ་མཆོག་སྐུ་སྒེར་གྱི་ངོས་ནས་ད་ལྟའི་གནས་ཚུལ་དེ་དང་ཐད་ཀར་འབྲེལ་བ་མེད་པ་དེ་གསལ་པོ་ཆགས་ཡོད་ཞུ་རྒྱུ་ཡིན། ང་ཚོས་རྒྱུན་དུ་ཡིད་ཆེས་དེ་རང་ཞུ་བཞིན་ཡོད།

ང་ཚོའི་དགོན་པ་གྲྭ་ཚང་དང་བླ་བྲང་གི་འགྲོ་སྟངས་ཞིག་ཡོད། དེ་འདྲའི་ཐོག་ནས་ད་ལྟ་དངུལ་ཡོད་པ་དེ་དག་འབྱུང་ཁུངས་གང་འདྲ་རེད་དམ་ཞེས་ན། ང་ཚོས་ཚིག་ཐག་ཆོད་པོའི་ཐོག་ནས་བླ་མར་སྐྱབས་རྟེན་དང་བསྔོ་རྟེན། དེ་བཞིན་འབུལ་བ་ཕུལ་བཞག་པ་དེ་འདྲའི་ཐོག་ནས་བྱུང་བ་ཞིག་ལ་ང་ཚོས་ངོས་འཛིན་ཞུ་ཐུབ་ཀྱི་རེད། རྒྱ་གར་གསར་འགོད་པ་དེ་ཚོས་དངུལ་གྱི་ཡོངས་ཁུངས་སྐོར་ལ་དྭོགས་གཞི་ཆེན་པོ་ཡོད་པ་ཞིག་སྟོན་གྱི་ཡོད་དུས་ཁ་སང་ཕྱི་རྒྱལ་གསར་འགོད་པ་ཚོར་ཞུ་རྒྱུའི་གོ་སྐབས་བྱུང་། དེའི་ཐོག་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་རྒྱལ་བ་ཀརྨ་རིན་པོ་ཆེ་མཆོག་རྒྱ་ནག་གི་སོ་པ་རེད་ཟེར་རྒྱུ་དང་། ཁག་གཅིག་གིས་ནག་ཚོང་དང་ཁྲིམས་འགལ་གྱིས་ཚོང་བརྒྱབ་ནས་བྱུང་པ་ཞིག་རེད་ཅེས་ཤོད་མཁན་བྱུང་ཡོད་ས་རེད།  དེ་རིགས་རྩ་བ་ནས་མིན་པ་ཞིག་ང་ཚོས་གསལ་པོ་ཞུ་ཐུབ་རྒྱུའི་གནས་སྟངས་ཞིག་ཆགས་ཀྱི་ཡོད་ཅེས་གསར་འགོད་ལྷན་ཚོགས་འདི་བརྒྱུད་ནས་བོད་རྒྱ་ཆེའི་མི་མང་ཡོངས་ལ་ཞུ་རྒྱུའི་གནད་དོན་ཞིག་ཡིན། རྒྱལ་བ་ཀརྨ་རིན་པོ་ཆེ་མཆོག་སྐུ་སྒེར་ངོས་ནས་མཚོན་པ་ཡིན་ན་སོ་སོའི་སྐུ་སྲོག་ཚུན་བློས་བཏང་སྟེ་བོད་ནས་ཚུར་བཙན་བྱོལ་དུ་དགུང་ལོ་ཆུང་ཆུང་སྐབས་ནས་ཕེབས་པ་ཞིག་རེད།
ད་ལྟ་རྒྱ་གར་དུ་བཞུགས་པའི་རིང་རྒྱུད་སྟོད་དགོན་དུ་རྒྱ་གར་སྐོར་སྲུང་བ་སོགས་ཀྱིས་སྟངས་འཛིན་འོག་ནས་བཞུགས་ཡོད་མ་གཏོགས་རྒྱལ་བ་ཀརྨ་རིན་པོ་ཆེ་མཆོག་སྐུ་སྒེར་གྱིས་ཐུགས་འདོད་ཡོད་པ་གཞིར་བཟུང་གང་སར་ཕེབས་རྒྱུའི་རང་དབང་མེད་པ་ཞིག་ང་ཚོས་ཤེས་བཞིན་པ་རེད།
རྒྱལ་བ་ཀརྨ་རིན་པོ་ཆེའི་མཛད་འཆར་ག་རེ་ཡིན་ནའང་དེ་དག་ཚང་མ་རྒྱ་གར་གཞུང་གིས་སྟངས་འཛིན་ཐོག་ནས་བྱེད་ཀྱི་ཡོད། མཇལ་འཕྲད་ཞུ་མཁན་ཡིན་ནའང་དེ་དག་ཆ་ཚང་རྒྱ་གར་གཞུང་གི་སྐོར་སྲུང་བས་དཔེར་ན་ཁ་སང་ང་ཚོས་མཇལ་ཁ་ཞུ་བར་ཕྱིན་པའི་སྐབས་ང་ཚོར་ཡང་ལུས་བཤེར་བྱས་བྱུང། དེ་བྱེད་མི་དགོས་ཟེར་རྒྱུའི་རྒྱུ་མཚན་གང་ཡང་མི་འདུག ཁོང་ཚོའི་ལས་འགན་སྒྲུབ་ཀྱི་ཡོད་པར་སོང་གནས་སྟངས་དེ་འདྲ་ཞིག་རེད། རྒྱལ་བ་ཀརྨ་རིན་པོ་ཆེར་འབུལ་བ་ག་ཚོད་དང་ག་རེ་ཕུལ་གྱི་ཡོད་མེད་དེ་དག་ཆ་ཚང་ཞིག་རྒྱ་གར་སྐོར་སྲུང་བས་མཁྱེན་བསྡད་པའི་གནས་ཚུལ་ཞིག་རེད་མ་གཏོགས་རྩ་བ་ནས་མ་མཁྱེན་པའི་གནས་སྟངས་མ་རེད། སྤྱིར་བཏང་གི་སྐྱབས་རྟེན་བསྔོ་རྟེན་གྱི་འབུལ་བ་ཕུལ་མཁན་ཚོས་རྒྱལ་བ་ཀརྨ་པ་སྐུ་ཕྲེང་རིམ་བྱོན་དེ་དག་གི་མཛད་རྗེས་ལ་བརྟེན་ནས་འཛམ་བུ་གླིང་ཕྱོགས་གང་སར་དད་ལྡན་གྱི་སྐྱེ་བོ་དང་རྗེས་འཇུག་མང་པོ་ཞིག་ཡོད་པར་སོང་སིང་གྷ་པུར་དང་། ཐའེ་ལན་ཌི། ནུབ་ཕྱོགས་རྒྱལ་ཁབ། བོད་ནང་ཡིན་ནའང་རེད་དེ་དག་ཚང་མས་དད་པ་བྱེད་ས་ཞིག་རེད། ང་རང་ཚོའི་སྤྱི་ཚོགས་ནང་ལ་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་ཞིག་ཆགས་བསྡད་ཀྱི་ཡོད་༒༒ལ་མི་མང་གིས་དད་གུས་དང་ཡིད་ཆེས་བརྩི་ཐོང་བྱེད་སའི་གང་ཟག་ཅིག་ཀྱང་རེད། སྐུ་སྒེར་ཡིན་ནའང་ད་ལྟ་བར་དུ་བསླབ་པ་སློབ་གཉེར་གནང་རྒྱུ་དང་ནང་ཆོས་དར་སྤེལ། འཛམ་གླིང་ཞི་བདེ། དེ་བཞིན་ཁོར་ཡུག་སྲུང་སྐྱོབ། དེ་ཚོའི་ཐོག་ལ་ཕྱག་ལས་འབའ་ཞིག་གནང་སྟེ་བོད་བསྟན་སྲིད་གཉིས་ཀའི་ཐོག་ལ་ཞབས་འདེགས་ཞུ་མཁན་ཞིག་ཆགས་ཡོད་པ་མ་གཏོགས་དྭོགས་གཞི་བྱེད་དགོས་ས་རྩ་བ་ནས་ཆགས་ཀྱི་མེད་ལ་ཆགས་རྒྱུ་དེ་འདྲ་བྱེད་དགོས་པའི་གཞི་རྩ་ཡང་གང་ཡང་མེད། དེ་གཅིག་གསལ་པོ་བྱས་ཏེ་ཞུ་འདོད་བྱུང་། དེ་མིན་དཔལ་འབྱོར་ཉར་ཚགས་བྱེད་སྟངས་ཐོག་ནས་དཔེར་ན། རིན་པོ་ཆེར་འབུལ་བ་ཕུལ་མཁན་ཞིག་ཡིན་ནའང་མཛད་སྒོ་དེ་འདྲའི་སྐབས་ལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་བཞུགས་ཁྲིའི་སྟེང་བཞུགས་ནས་འབུལ་བ་ཕུལ་མཁན་ཚོས་དངུལ་ག་ཚོད་འབུལ་གྱི་འདུག་ག་རེ་ཕུལ་གྱི་འདུག་ཆ་ཚང་ཞིག་རྒྱལ་བ་ཀརྨ་པ་རིན་པོ་ཆེས་གཟིགས་ཞིབ་གནང་གི་མེད་ལ། དེ་ཚོའི་ཐོག་ཐེ་བྱུས་གནང་གི་མེད་ཅེས་ཁ་སང་བཀའ་གནང་བ་བཞིན་དང་། དཔལ་འབྱོར་གྱི་གནས་སྟངས་གང་ཡིན་ནའང་དེ་དག་ལས་བྱེད་ཚོས་བྱེད་ཀྱི་ཡོད། ལས་བྱེད་པ་ཚོས་ཁྲིམས་ཀྱི་འགྲོ་སྟངས་མ་ཤེས་པའི་དབང་གིས་དཔལ་འབྱོར་ཉར་ཚགས་བྱེད་རྒྱུར་འཐུས་ཤོར་ཕྱིན་ཡོད། ཡུལ་ཁྲིམས་དང་མི་མཐུན་པའི་གནས་སྟངས་ཆགས་ཡོད་པ་དེའི་ཐོག་ལ་ཡིན་ན། རྒྱ་གར་གཞུང་ནས་ཞིབ་འཇུག་བྱས་ཏེ་གྲུབ་འབྲས་གང་འདྲ་ཞིག་ཐོན་ཡང་ང་ཚོས་བརྩི་སྲུང་བྱེད་དགོས་པའི་གནས་སྟངས་ཤིག་རང་བཞིན་གྱི་ཆགས་ཡོད་རེད་མ་གཏོགས། དེ་དང་འབྲེལ་ནས་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ལ་མཚན་སྨྡད་ཞུ་རྒྱུའི་གནས་སྟངས་མང་པོ་ཆགས་པ་དེ་གཞི་རྩ་མེད་པའི་གནས་ཚུལ་ཞིག་ཆགས་ཡོད། དེ་བཞིན་བཙན་བྱོལ་བོད་གཞུང་དང་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ག་རེ་གནང་དགོས་ཀྱི་ཡོད་ན། དེ་དག་ཐོག་མཐུན་འགྱུར་གནང་རྒྱུའི་འབད་བརྩོན་གནང་བཞིན་པ་རེད། ཕྱོགས་མཚུངས་ང་ཚོ་སྤྱི་འཐུས་ལྷན་ཚོགས་ཀྱི་ངོ་ནས་གནས་ཚུལ་དེ་བདེན་པ་གང་ཡིན་པ་དེར་རྒྱབ་སྐྱོར་ཞུ་རྒྱུ་དང་གནས་ཚུལ་གསལ་པོ་མ་ཆགས་བར་དུ་ལམ་སྟོན་དང་གོ་བསྡུར་བྱེད་དགོས་པ་གང་ཡིན་རུང་ཞུས་རྩིས་ཡོད། ཅེས་གསུང་བཤད་གནང་རྗེས་དྲི་བ་དྲིས་ལན་ཡང་གནང་ཡོད་པ་བཅས།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 2 སྡོམས་རོགས།